རེབ་གོང་རིག་གནས་ཐོན་ལས་ཀྱིས་མི་ཁྲི་གཉིས་ལྷག་གི་ལས་ཞུགས་ལ་སྐུལ་ཁྲིད་བྱས།
2025.05.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱིས་ཐུན་རིན་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ། རིག་གནས་དང་ཡུལ་སྐོར་གྱི་རྣམ་པ་གསར་པ་མངོན་འགྱུར་བྱེད་པ་སོགས་ཐད་རྒྱུན་ཆད་མེད་པར་ཤུགས་སྣོན་བྱས་ཏེ་ཁྱད་ལྡན་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད།

ཟླ5བའི་ཚེས23ཉིན་ཐུན་རིན་གྲོང་ཁྱེར་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་དཀོན་མཆོག་རྡོ་རྗེས་ཀྱིས་གསར་འགོད་པར་བཤད་རྒྱུར། མིག་སྔར། གྲོང་ཁྱེར་ཡོངས་སུ་ཚད་ལྡན་ངང་གཉེར་སྐྱོང་བྱེད་བཞིན་པའི་རི་མོའི་སློབ་གླིང25ཡོད་པ་དང་། རི་མོའི་སློབ་གླིང་སོ་སོའི་ཐང་ག་འབྲི་མཁན100བརྟན་པོའི་ངང་སྐྱེད་སྲིང་བྱས་པ་ལས། མི་ཁྲི་གཉིས་དང་སྟོང་བཞི་ལྷག་ཐད་ཀར་དུ་ཐུན་རིན་སྒྱུ་རྩལ་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་ཡོད་ལ། རིག་གནས་ཐོན་ལས་ཀྱི་ཕན་འབྲས་རྒྱུན་མཐུད་ངང་ཇེ་མཐོར་སོང་ཡོད།

ཐུན་རིན་གྲོང་ཁྱེར་གྱིས་རེབ་གོང་སྒྱུ་རྩལ་ལ་དམིགས་ནས“ཞིབ་འཇུག་གསར་གཏོད་དང་། གསོ་སྦྱོང་། བཟོ་སྐྲུན། ཕྱིར་ཚོང་། འགྲེམས་སྟོན། ཉར་ཚགས། ཕྱིར་གཏོང་ནང་འདྲེན་བཅས”ཀྱི་ཐོན་ལས་སྦྲེལ་མཐུད་ལག་བསྟར་བྱས་ཏེ“རི་མོ་ཁང་དང་། ཁྱིམ་ཚང་། རྟེན་གཞི”བཅས་ཟུང་འབྲེལ་སྒོས་གཉེར་སྐྱོང་བྱེད་པའི་ལམ་སྲོལ་གསར་གཏོད་བྱས་པ་རེད། ལོ་རེར་ས་གནས་དེ་གའི་རོང་འབྲོག་མང་ཚོགས་ལ་སློབ་ཡོན་མི་དགོས་པར་ཐང་གའི་ལག་རྩལ་གསོ་སྦྱོང་བྱེད་ཀྱིན་ཡོད་པ་དང་། སློབ་ཡོན་མེད་པར་བཏང་བར་མ་ཟད། འདུག་ས་དང་ཟ་མ། ཚོན་རྫས། རས། སློབ་སྦྱོང་གི་དཔྱད་གཞིའི་ཡིག་ཆ་སོགས་ཕྱོགས་མང་པོའི་ཐད་ནས་རྒྱབ་སྐྱོར་བྱས་ཏེ་རོང་འབྲོག་མང་ཚོགས་ལ་རྩལ་ནུས་ཁོང་དུ་ཆུད་པར་བྱས་ཏེ། ལས་ཞུགས་བརྟན་པོ་དང་ཡོང་འབབ་འཕར་བ་མངོན་འགྱུར་བྱེད་ཀྱིན་ཡོད།

དེ་ལས་གཞན། ཐུན་རིན་གྲོང་ཁྱེར་གྱིས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཐོན་ལས་སྟེགས་བུ་མང་པོ་བསྐྲུན་པ་དང་། ཞིང་ཆེན་རིམ་པའི་མཚོ་སྔོན་གྱི་འཚེམ་དྲུབ་ཁེ་ལས9སྐྱེད་སྲིང་བྱས་པ། གཟུགས་མེད་རིག་གནས་ཤུལ་བཞག་ལྟ་སྦྱོང་ལྟེ་གནས100དང་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམས་སྟོན་ས་ཚིགས99བཙུགས་པ། རིག་གནས་གསར་གཏོད་ཀྱི་ཐོན་རྫས100ལྷག་ཙམ་ཞིབ་འཇུག་གསར་སྤེལ་བྱས་པ་དང་འབྲེལ་གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་ལག་ཤེས་བཟོ་ལས་ཀྱི་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུར་མ་དངུལ་བཏང་། པེ་ཅིང་དང་ཧྲང་ཧེ་སོགས་གྲོང་ཁྱེར་དུ་རེབ་གོང་སྒྱུ་རྩལ་འགྲེམས་ཚོང་བྱེད་ས200ལྷག་བཙུགས་ནས་ཁྲོམ་ར་རྒྱ་སྐྱེད་བཏང་ཡོད་ལ། མིག་སྔར། རེབ་གོང་རིག་གནས་ཐོན་ལས་གླིང་ཞིང་ཆེན་རིམ་པའི་གླིང་ཁུལ་དུ་བདམས་པ་དང་། ཐང་གའི་སྒྱུ་རྩལ་གྲོང་རྡལ་ཆུང་ངུ་དང་རེབ་གོང་གཟུགས་མེད་རིག་གནས་ཤུལ་བཞག་གི་ཁྱད་ལྡན་ཡུལ་སྐོར་ལ་རྒྱལ་ཁབ་རིམ་པའི་བདེན་དཔང་ར་སྤྲོད་ཐོབ་ཡོད། “རེབ་གོང་ཐང་ག”རྒྱལ་ཁབ་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་སུ་བདམས་ཐོན་བྱུང་པ་ལས། ཐོན་ལས་ཀྱི་ཤུགས་རྐྱེན་ཐེབས་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

ཐུན་རིན་གྲོང་ཁྱེར་གྱིས་རྒྱུན་ཆད་མེད་པར་རྨང་གཞིའི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཞབས་ཞུ་ཡག་པོ་བསྒྲུབས་ནས་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་ཡོད་ལ། མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་དྲུག་འབུམ་བདུན་ཁྲི་གཉིས་བཏང་ནས“རྨ་ལྷོའི་མཛེས་ལྗོངས་ལམ་ཆེན(ཐུན་རིན་ཁོངས་གཏོགས)”བསྐྲུན་ནས་ས་ཁོངས་ཧྲིལ་པོའི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་སྦྲེལ་མཐུད་བྱས་པ་དང་། སྒོར་བྱེ་བ་གཅིག་དང་ས་ཡ་བརྒྱད་འབུམ་གཅིག་ཁྲི་དྲུག་བཏང་ནས་ཡུལ་སྐོར་གྱི་སྤྱི་པའི་གསང་སྤྱོད་ཁང27གསར་སྐྲུན་བྱས་ཏེ་ཡུལ་སྐོར་བར་སྟབས་བདེ་བསྐྲུན་ཡོད། གཞན་གཞི་རིམ་གྱི་ཟ་ཁང་རེ་གཉིས་ཀྱིས་ཁྱད་ལྡན་ཞབས་ཞུ་དང་སྤུས་ལེགས་ཉམས་ལེན་ལ་བརྟེན་ནས་སྐར་བཞི་རིམ་པའི་གྲོང་གསེབ་ཡུལ་སྐོར་སྣེ་ལེན་ས་ཚིགས་སུ་བདམས་པ་ལས། རིག་གནས་དང་ཡུལ་སྐོར་ཐོན་ལས་ལ་གསོན་ཤུགས་གསར་པ་བསྣན་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

ཚེ་མགོན་རྒྱལ་གྱིས་བསྒྱུར།