2025ལོའི་མཚོ་སྔོན་པོའི་བྱ་རིགས་སྐོར་གྱི་ཚན་རིག་ཁྱབ་བརྡལ་དྲིལ་བསྒྲགས་དང་སློབ་གསོའི་བྱ་འགུལ་སྤེལ་འགོ་བརྩམས།
2025.05.27 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ5བའི་ཚེས26ཉིན།  “རབ་མཛེས་མཚོ་སྔོན་གྱི་བྱ་རིགས་ལ་ལྟ་བ”ཞེས་པའི2025ལོའི་མཚོ་སྔོན་པོའི་བྱ་རིགས་སྐོར་གྱི་ཚན་རིག་ཁྱབ་བརྡལ་དྲིལ་བསྒྲགས་དང་སློབ་གསོའི་བྱ་འགུལ་དེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་སྤེལ་འགོ་བརྩམས།  སྔར་ལས་ལྷག་པའི་སྒོ་ནས་བྱ་རིགས་ཀྱི་ལྟ་ཞིབ་ཚད་ལེན་གྱི་གྲུབ་འབྲས་ཕུན་སུམ་ཚོགས་པར་གཏོང་བ་དང་།  སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་གཅིག་བསྡུས།  རྒྱལ་ཁབ་སྤྱི་གླིང་གི་འདུ་ཤེས་ཁྱབ་སྤེལ་བཅས་བྱས་ཏེ།  མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གི་བྱ་རིགས་ལ་ལྟ་བའི་ཟོང་རྟགས་བསྐྲུན་པའི་རྣམ་པ་བཟང་བོ་བསྐྲུན་དགོས།

མཚོ་སྔོན་པོ་ནི་ཀྲུང་གོའི་ཆེས་ཆེ་བའི་སྐམ་སའི་ཚ་མཚོ་ཡིན་ལ།  ས་མཐོའི་མཚེའུ་དང་བརླན་སའི་སྐྱེ་ཁམས་མ་ལག་གི་མཚོན་དང་།  མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཀྱི་མཚོ་གལ་ཆེན་ཞིག་དུ་ཆགས་ཡོད།  བྱ་རིགས་སྐོར་གྱི་ཚན་རིག་ཁྱབ་བརྡལ་དྲིལ་བསྒྲགས་དང་སློབ་གསོའི་བྱ་འགུལ་སྤེལ་བ་ནི།  རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་བྱ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ།  བྱ་འགུལ་སྤེལ་བ་བྱེད་ཐབས་སུ་བཟུང་ནས།  མི་མང་བོར་བྱ་རིགས་སྲུང་སྐྱོབ་བྱེད་པ་ནི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ་ངོས་ཟིན་པར་བྱས་ཡོད།  རྐང་ཚ་རྫོང་ནི་ཆུ་བྱ་སྐེ་ནག་དང་ངང་བ།  ཁྲུང་ཁྲུང་སོགས་རྩ་ཆེ་བའི་བྱ་རིགས་ཀྱི་འཚོ་སྡོད་བྱེད་ས་ཡིན་ལ།  བྱ་རིགས་སྐོར་གྱི་ཚན་རིག་ཁྱབ་བརྡལ་སློབ་གསོ་སྤེལ་བའི་རང་བྱུང་གི་སློབ་ཁྲིད་ཅིག་ཀྱང་ཡིན།  ཉེ་བའི་ལོ་འདི་འགར།  རྐང་ཚ་རྫོང་གིས་བྱ་འགུལ་སྣ་ཚོགས་སྤེལ་ཏེ་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་ཁྲོད་ཞུགས་པར་སྤྱི་དམངས་ལ་སྣེ་ཁྲིད་བྱས།  དམངས་ཡོངས་ཞུགས་པ་དང་མཉམ་སྐྲུན་མཉམ་སྤྱོད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རྣམ་པ་གྲུབ་པར་བྱས་ཡོད།

ཐེངས་འདིའི་བྱ་རིགས་ལ་ལྟ་བའི་སྐོར་གྱི་ཚན་རིག་ཁྱབ་བརྡལ་དྲིལ་བསྒྲགས་དང་སློབ་གསོའི་བྱ་འགུལ་སྤེལ་བ་ནི་མཚོ་སྔོན་པོའི་ལྗོངས་རྣམ་སྲུང་སྐྱོབ་དང་བེད་སྤྱོད་དོ་དམ་ཅུའུ་དང་།  མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་གཉིས་ཀྱིས་གཙོ་སྒྲུབ་དང་།  མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་དང་ཀྲུང་གོའི་བྱ་རིགས་ལ་བལྟ་བའི་མཉམ་འབྲེལ་རྩ་འཛུགས་ཀྱི་འགུལ་བསྐྱོད་སྤྱི་སྟེགས་ཀྱིས་དངོས་སྒྲུབ་བྱས།  རྐང་ཚ་རྫོང་མི་དམངས་སྲིད་གཞུང་དང་མཚོ་སྔོན་པོ་ཡུལ་སྐོར་འཕེལ་རྒྱས་མཐུན་ཚོགས་ཚད་ཡོད་ཀུང་ཟི།  མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་གི་བྱ་རིགས་ལ་བལྟ་བའི་མཐུན་ཚོགས་ཀྱིས་རོགས་སྒྲུབ་བྱས་པ་ཡིན།  བྱ་འགུལ་གྱི་དུས་ཡུན་ཟླ5བའི་ཚེས29བར་བསྲིངས་ཡོད་པ་དང་།  ཞིང་ཆེན་དང་གྲོང་ཁྱེར།  རང་སྐྱོང་ཁུལ21དང་རྫོང་ཁག30ལྷག་གི་རུ་ཁག15རུ་མི60ལྷག་ཡོད།  བྱ་འགུལ་གྱི་སྐབས་སུ་ས་གནས་ཀྱི་མང་ཚོགས་རྩ་འཛུགས་བྱས་ཏེ།  བྱ་རིགས་ཀྱི་རྨང་གཞིའི་ཤེས་བྱ་དང་དཔེ་མཚོན་འགྲེལ་བཤད།  ཉམས་མྱོང་མཉམ་སྤྱོད།  གསལ་བཤད་ཀྱི་ནུས་པ་སོགས་ནང་དོན་འདུས་པའི་བྱ་རིགས་ལ་ལྟ་བའི་སྐོར་གྱི་སྣེ་ཁྲིད་གསོ་སྦྱོང་སྤེལ་རྒྱུ་རེད།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།