རེས་སྐོར་གསུམ་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཁག་བཞི་པ་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས།
2025.05.27 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ5པའི་ཚེས26ཉིན། གསར་འགོད་པས་སྐྱེ་ཁམས་ཁོར་ཡུག་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་བཀོད་པ་བརྒྱུད་དེ། རེས་སྐོར་གསུམ་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཁག་བཞི་པ་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས།

ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་བརྒྱད་སོ་སོར་ཧྲན་ཞི་དང་ནང་སོག ཧྲན་ཏུང་། ཧྲའན་ཞི། ཉིང་ཞ་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔ་རུ་སོང་ནས་ལྟ་ཞིབ་སྤེལ་བ་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་ལྟ་ཞིབ་དང་ཞིང་ཆེན་མངའ་ཁོངས་ཀྱི་ལྟ་ཞིབ་སྤེལ་བར་གཅིག་འདོམས་བྱེད་པ། དེ་དང་མཉམ་དུ་ཀྲུང་གོའི་ཧྭ་ནིན་སྡེ་ཚོགས་ཚད་ཡོད་ཀུང་ཟི། ཀྲུང་གོའི་ཏ་ཐང་སྡེ་ཚོགས་ཚད་ཡོད་ཀུང་ཟི། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཚད་ཡོད་ཀུང་ཟི་བཅས་ཀྲུང་དབྱང་གི་ཁེ་ལས་གསུམ་ལ་ལྟ་ཞིབ་བྱེད་རྒྱུ་ཡིན་པ་དང་། བཅའ་སྡོད་ཀྱི་དུས་ཡུན་ཟླ་གཅིག་རིང་ཡིན།

ཐེངས་འདིའི་ལྟ་ཞིབ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་སྲོལ་ཡིག་ཁྱབ་བསྒྲགས་ལག་བསྟར་བྱས་པའི་རྗེས་ཀྱི་ལྟ་ཞིབ་ཁག་དང་པོ་ཡིན། ལྟ་ཞིབ་ཚན་ཆུང་གིས་གནད་དོན་གྱི་ཁྲིད་ཕྱོགས་དང་གཟབ་ནན་གྱི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། གནད་ལ་འཁེལ་བ་དང་ཚན་རིག་དང་མཐུན་པ། ཁྲིམས་ལྟར་དུ་ལྟ་ཞིབ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། གཙོ་གནད་འབུར་ཐོན་དང་དངོས་འགུལ་བཙན་ཐུག་བྱེད་པ་བཅས་བྱས་ནས། གོ་རིམ་དང་ཕན་ནུས་ལྡན་པའི་སྒོ་ནས་ལྟ་ཞིབ་བྱ་བ་སྤེལ་རྒྱུ་ཡིན་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་འབྲེལ་ཡོད་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ། ལྟ་ཞིབ་ཀྱི་ཕན་ནུས་དངོས་གནས་མཐོར་འདེགས་གཏོང་རྒྱུ་རེད། བཅའ་སྡོད་ལྟ་ཞིབ་བྱེད་པའི་སྐབས་སུ། ལྟ་ཞིབ་ཚན་ཆུང་སོ་སོས་སོ་སོར་འབྲེལ་གཏུག་ཁ་པར་དང་སྦྲགས་སྲིད་ཡིག་སྒམ་བཙུགས་ནས། ལྟ་ཞིབ་བྱེད་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཕྱོགས་ཀྱི་འཕྲིན་ཡིག་དང་ཁ་པར་གྱི་ཞུ་གཏུག་དང་ལེན་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།