གསར་འགོད་པས་ཚེས26ཉིན་ཚོང་དོན་པུའུ་ནས་རྒྱུས་ལོན་པ་ལྟར་ན། ཉེ་ལམ་ཚོང་དོན་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་བརྒྱད་ཀྱིས《གཞི་གྲངས་རིག་ནུས་འདོན་སྤྲོད་ཕྲེང་འབྲེལ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་ཆེད་དམིགས་བྱ་སྤྱོད་འཆར་གཞི》མཉམ་འབྲེལ་སྒོས་པར་འགྲེམས་བྱས།
ཚོང་དོན་པུའུ་འཁོར་རྒྱུག་འཕེལ་རྒྱས་སིའི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། བྱ་སྤྱོད་འཆར་གཞི་གཙོ་གནད་ཁྱབ་ཁོངས་ཆེན་པོ5དམིགས་ཏེ།“ལས་རིགས་གཅིག་དང་ཐབས་ཇུས་གཅིག”གི་ཐོག་ནས་གཞི་གྲངས་རིག་ནུས་འདོན་སྤྲོད་ཕྲེང་འབྲེལ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། ཞིང་ལས་ཀྱི་འདོན་སྤྲོད་ཕྲེང་འབྲེལ་རྩ་འཛུགས་ཀྱི་ཆུ་ཚད་ཆེ་རུ་གཏོང་བ་དང་། རིག་ནུས་ཞིང་ལས་འཕེལ་རྒྱས། ཞིང་སྡེའི་གློག་རྡུལ་ཚོང་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བཟོ་སྐྲུན་ལས་རིགས་ཀྱི་འདོན་སྤྲོད་ཕྲེང་འབྲེལ་རིག་ནུས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རིག་ནུས་བཟོ་གྲྭ་དང་རིག་ནུས་འདོན་སྤྲོད་ཕྲེང་འབྲེལ་སྐོར་ཞིག་མཐུན་སྦྱོར་ངང་གཏོད་པ། བཟོ་སྐྲུན་ལས་རིགས་གཞི་གྲངས་ཅན་དུ་འགྱུར་བའི་བྱ་སྤྱོད་ཇུས་གཞི་དང་། མི་ཐབས་རིག་ནུས་ལ་ནུས་པ་འདོན་སྤྲོད་བྱེད་པའི་རྣམ་པ་གསར་པའི་བཟོ་ལས་ཅན་གྱི་ཆེད་དམིགས་བྱ་སྤྱོད་སྤེལ་དགོས། སྡེབ་འཚོང་ལས་རིགས་ཀྱི་འདོན་སྤྲོད་ཕྲེང་འབྲེལ་འདུས་གྲུབ་ནུས་པ་ཆེ་རུ་བཏང་ནས། སྟོད་སྨད་རྒྱུད་ཀྱི་མགྲོན་པོ་དང་ཐོན་ལས་ཁྱུ་ཚོགས་ལ་རྒྱུ་ཆ་ཉོ་སྒྲུབ་དང་། མཛོད་ཉར་ཟོག་འགྲུལ། ཐོན་རྫས་ཚོང་གཉེར། འདོན་སྤྲོད་ཕྲེང་འབྲེལ་དངུལ་རྩ། བསྐྱར་སྐྱེས་ཐོན་ཁུངས་རྒྱུན་ཆད་མེད་པར་འཁོར་སྐྱོད་བེད་སྤྱོད་སོགས་ཕྱོགས་བསྡུས་ཞབས་ཞུ་འདོན་སྤྲོད་བྱེད་དགོས།
འགན་ཁུར་བས་བཤད་རྒྱུར། བྱ་སྤྱོད་འཆར་གཞིའི་ནང་གཞི་གྲངས་རིག་ནུས་འདོན་སྤྲོད་ཕྲེང་འབྲེལ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་ལས་འགན་གཙོ་བོ་སྣ10བཀོད་སྒྲིག་བྱས་ཡོད། དེའི་ནང་གཞི་གྲངས་རིག་ནུས་འདོན་སྤྲོད་ཕྲེང་འབྲེལ་གྱི་སྣེ་ཁྲིད་ཁེ་ལས་གསོ་སྐྱོང་བྱ་རྒྱུ་ཚུད་ཡོད། འདོན་སྤྲོད་ཕྲེང་འབྲེལ་དོ་དམ་ཞབས་ཞུའི་ལས་རིགས་གཞི་གྲངས་རིག་ནུས་ཅན་དུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས། གཞི་གྲངས་རིག་ནུས་འདོན་སྤྲོད་ཕྲེང་འབྲེལ་གྱི་ཕྱི་ཕྱོགས་སྒོ་འབྱེད་མཉམ་ལས་ཇེ་མགྱོགས་སུ་བཏང་སྟེ། རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་དང་ཕྱི་རྒྱལ་གྱི་མཛོད་ཉར་ཟོག་འགྲེམས་ལ་མཐུན་སྦྱོར་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ། གཞི་གྲངས་རིག་ནུས་འདོན་སྤྲོད་ཕྲེང་འབྲེལ་ཚོད་འཛིན་སྟེགས་བུ་འཛུགས་སྐྲུན་བྱས་ནས། འདོན་སྤྲོད་ཕྲེང་འབྲེལ་བྱེད་སྒོ་མངོན་འགྱུར་བྱེད་པར་་དུས་ཐོག་ཏུ་གསལ་རྟོགས་དང་། འཁོར་སྐྱོད་དབྱེ་ཞིབ། རིག་ནུས་དང་ལེན་བཅས་བྱེད་དགོས། གསར་གཏོད་གཞི་གྲངས་རིག་ནུས་འདོན་སྤྲོད་ཕྲེང་འབྲེལ་གྱི་རིམ་པ་དམའ་བའི་ལག་རྩལ་དང་གཞི་གྲངས་རིག་ནུས་ལག་རྩལ་ཚོང་ལས་ཅན་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ། ལག་རྩལ་ཞབས་ཞུའི་ཚད་གཞིའི་མ་ལག་འཐུས་ཚང་དུ་བཏང་ནས་ཐོན་ལས་དང་ལས་རིགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པའི་ཚད་གཞིའི་ལམ་ལུགས་ཀྱི་བཟོ་བཅོས་གཏན་འཁེལ་སྐོར་ཞིག་ལ་སྐུལ་འདེད་གཏོང་དགོས་ཟེར།
བྱ་སྤྱོད་འཆར་གཞི་ལས་བསྟན་དོན། 2030ལོར། འདྲ་བཟོ་བྱེད་ཐུབ་པའི་གཞི་གྲངས་རིག་ནུས་འདོན་སྤྲོད་ཕྲེང་འབྲེལ་འཛུགས་སྐྲུན་དང་འཕེལ་རྒྱས་རྣམ་པ་ཆགས་ཐུབ་པ་དང་། ཐོན་ལས་གལ་ཆེན་དང་འགག་རྩའི་ཁྱབ་ཁོངས་སུ་གཏིང་ཟབ་པའི་ནང་འཇུག་དང་། རིག་ནུས་ནུས་ཆོད་ཆེ་བ། རང་བདག་ཚོད་འཛིན་བྱེད་ཐུབ་པའི་གཞི་གྲངས་རིག་ནུས་འདོན་སྤྲོད་ཕྲེང་འབྲེལ་མ་ལག་གཞི་རྩའི་སྟེང་འཛུགས་ཐུབ་པ་དང་། རྒྱལ་ཡོངས་ཀྱི་གཞི་གྲངས་རིག་ནུས་འདོན་སྤྲོད་ཕྲེང་འབྲེལ་སྣེ་ཁྲིད་ཁེ་ལས100ཡས་མས་གསོ་སྐྱོང་བྱ་རྒྱུ་རེད།
ཤ་བོ་རིན་མཚོས་བསྒྱུར།