སློབ་གསོ་པུའུ་ཡིས2025ལོའི་མཐོ་རྒྱུགས་ཀྱི་སྲུང་སྐྱེལ་འགུལ་སྐྱོད་སྤེལ་བར་བཀོད་སྒྲིག་བྱས།
2025.05.27 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 24

ཟླ5པའི་ཚེས26ཉིན། གསར་འགོད་པས་སློབ་གསོ་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན། སློབ་གསོ་པུའུ་ཡིས་བརྡ་སྦྱོར་པར་འགྲེམ་བྱས་ནས་ས་ཆ་སོ་སོའི་སློབ་གསོ་སྡེ་ཁག་དང་སློབ་བསྡུ་རྒྱུགས་ལེན་ལས་ཁུངས་ཀྱིས་དྲིལ་སྒྲོག་དང་དྲ་འཕྲིན། སྤྱི་བདེ་སོགས་སྡེ་ཁག་མང་པོ་དང་མཉམ་འབྲེལ་བྱས་ཏེ། 2025ལོའི་མཐོ་རྒྱུགས་ཀྱི་སྲུང་སྐྱེལ་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱུགས་ལེན་ཞབས་ཞུའི་འགན་སྲུང་སྔར་ལས་ཇེ་ལེགས་སུ་གཏོང་བ། མཐོ་རྒྱུགས་བདེ་འཇགས་བརྟན་བརླིང་ངང་སྤེལ་བ་དང་རྒྱུགས་ཞུགས་སློབ་མ་བདེ་བླག་ངང་མཐོ་རྒྱུགས་ལ་ཞུགས་པར་འགན་སྲུང་བྱེད་པའི་བྱ་བར་བཀོད་སྒྲིག་བྱས།

བརྡ་སྦྱོར་གྱི་རེ་བ་ལྟར། 2025ལོའི་མཐོ་རྒྱུགས་སྐབས་སུ། ས་ཆ་སོ་སོའི་སློབ་གསོ་སྡེ་ཁག་དང་སློབ་བསྡུ་རྒྱུགས་ལེན་ལས་ཁུངས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཞབས་ཞུའི་བྱེད་ཐབས་སྔར་ལས་ཇེ་དྲག་ཏུ་བཏང་ནས། རྒྱུགས་ཞུགས་སློབ་མར་བདེ་སྐྱོང་དང་ཕྱིར་བགྲོད། ཟས་སྡོད། སྨན་བཅོས་འཕྲོད་བསྟེན། འཛེར་སྒྲ་བཅོས་སྐྱོང་སོགས་ཀྱི་ཕྱོགས་བསྡུས་ཞབས་ཞུ་འགན་སྲུང་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། རྒྱུགས་ཞུགས་སློབ་མར་སེམས་ཁུར་བྱེད་ཚད་ཇེ་ཆེར་གཏོང་བ་དང་། རྒྱུགས་ཞུགས་ལ་གྲ་སྒྲིག་བྱེད་པ་དང་རྒྱུགས་ལེན་པར་འགྲོ་བའི་ཁྲོད་ཀྱི་དངོས་ཡོད་དཀའ་ཁག་ལ་དམིགས་ནས། ཁ་པར་དང་དཔེ་ཁུག་སོགས་རྒྱུགས་ཞུགས་སློབ་མའི་དངོས་ཟོག་འཇོག་ས་བཀོད་སྒྲིག་བྱས་ཏེ། དབང་བོ་སྐྱོན་ཅན་སོགས་དམིགས་བསལ་མི་ཚོགས་རྒྱུགས་ཞུགས་བྱེད་པའི་ཐད་ལུགས་མཐུན་གྱི་སྟབས་བདེ་འདོན་སྤྲོད་བྱེད་རྒྱུ་ཡིན་ལ། རྒྱུགས་ཁང་གི་མཐའ་འཁོར་གྱི་ཁོར་ཡུག་གཙང་བསྒྱུར་བྱེད་པ་སོགས་ཀྱི་ཆེད་དོན་འགུལ་སྐྱོད་རྒྱུན་མཐུད་ངང་སྤེལ་བ་དང་། རྒྱུགས་ལེན་ཡིད་རྟོན་གྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ། མཐོ་རྒྱུགས་དང་འབྲེལ་བའི་རྫུས་བཅོས་དྲིལ་སྒྲོག་དང་མགོ་སྐོར་ལོག་ཁྲིད་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་སྤྱོད་ཚུལ་ལ་རྡུང་རྡེག་ནན་མོ་བྱེད་པ། ཆ་འཕྲིན་སྒྲོག་སྤེལ་དང་སྲིད་ཇུས་འགྲེལ་ཀློག གསལ་འདེབས་བྱེད་པ། རྫུན་བཟོ་ཐེར་འདོན་དང་སྔོན་བརྡ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་ནས། ཚད་ལྡན་སྒྲིག་ཡོད་དང་དྲོད་ལྡན་འཆམ་མཐུན་གྱི་རྒྱུགས་ལེན་ཁོར་ཡུག་ཅིག་བསྐྲུན་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།