ཟླ5པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་ཁུངས་ཅུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས2025ལོའི་གྲོང་གསེབ་གློག་དྲའི་ཆེད་དོན་ཀྲུང་དབྱང་གི་སྔོན་རྩིས་ནང་གི་དངུལ་གཏོང་འཆར་གཞི་གསལ་བསྒྲགས་བྱས་པ་དང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནུས་ཁུངས་ཅུའུ་ཡིས་བརྩོན་ལེན་བྱས་པར་བརྟེན། 2025མཚོ་སྔོན་ཞིང་ཆེན་ལ་གྲོང་གསེབ་གློག་དྲའི་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་བཞི་གཏོང་རྒྱུ་ཡིན་ལ། རྣམ་གྲངས་ཐད་མ་དངུལ་སྒོར་དུར་ཕྱུར་གཉིས་དང་བྱེ་བ་བརྒྱད་ས་ཡ་གཅིག་འབུམ་གསུམ་ཁྲི་བརྒྱད་གཏོང་རྒྱུ་རེད། དེ་ལས་གཞན་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིས་རང་ངོས་ནས་མ་དངུལ་གྲབས་གསོག་གམ་ཡང་ན་དངུལ་ཁང་གི་དངུལ་བུན་བསྐྱིས་ནས་མགོ་ལོག་དང་ཡུས་ཧྲུའུ་སོགས་ས་ཁུལ་གྱི་གྲོང་གསེབ་གློག་དྲ་བཅུ་གཉིས་རིམ་སྤོར་སྲ་བརྟན་དུ་གཏོང་བའི་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་རྒྱུ་རེད། རོང་འབྲོག་ཁུལ་གྱི་གློག་ཤུགས་འགན་ལེན་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་རམ་འདེགས་བྱེད་རྒྱུ་རེད།
ཐེངས་འདིར་ཆན་ཧྥུའུ10ཡི་གློག་སྐུད་སྤྱི་ལེ592.6གསར་སྐྲུན་དང་སྒྱུར་བཀོད་བྱེད་རྒྱུ་དང་། གློག་སྣོན་སྒྱུར་ཆས252། གནོན་ཤུགས་དམའ་བའི་གློག་སྐུད་སྤྱི་ལེ476.8བཅས་བཅོས་བསྒྱུར་བྱས་ཏེ། རྫོང་དང(གྲོང་ཁྱེར)12ཀྱི་གློག་མཁོ་འདོན་མི་འདང་བ། གློག་སྡེབ་སྒྱུར་སྒྲོམ་ཁུལ་གྱི་ལྗིད་ཚད་ཆེ་བ། མཐའ་སྣེའི་གློག་སྐུད་ཀྱི་གློག་གནོན་དམའ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་དང་། རྣམ་གྲངས་ལག་བསྟར་བྱས་རྗེས་ས་ཁུལ་གྱི་གློག་དྲའི་གྲུབ་ཆ་སྔར་ལས་ལྷག་པའི་སྒོ་ནས་ཇེ་ལེགས་སུ་བཏང་ནས་གློག་སྡེབ་སྒྲོམ་ཁུལ་གྱི་ཐེག་ཚད་འབྲེལ་མཐུད་ནུས་པ་ཆེ་རུ་གཏོང་ཐུབ་ལ། ས་ཁུལ་གྱི་རོང་འབྲོག་མང་ཚོགས་ལ་གློག་ཤུགས་ཀྱིས་མི་འདང་བའི་གནད་དོན་ཐག་གཅོད་བྱས་ཏེ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་ནུས་རྒྱུའི་རྨང་གཞི་བརྟན་པོ་གཏོང་ཐུབ།
ངོ་སྤྲོད་བྱས་པ་ལྟར་ན། ཞིང་ཆེན་ནུས་ཁུངས་ཅུའུ་ཡིས་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་འབྲེལ་ཡོད་སྡེ་ཁག་གི་བླང་བྱ་ལྟར། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་དམངས་འཚོའི་གློག་བཀོལ་དགོས་མཁོ་འགན་ལེན་བྱ་རྒྱུ་དམིགས་འབེན་དུ་བཟུང་ནས། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་ཀའི་ལམ་སྲོལ་གསར་གཏོད་བྱ་རྒྱུ་དམ་འཛིན་བྱས་ཏེ། གྲོང་གསེབ་ཀྱི་གློག་དྲ་སྲ་བརྟན་དང་རིམ་སྤོར་གྱི་ལས་གྲྭ་སྤུས་ཚད་མཐོ་བའི་ངང་འཛུགས་སྐྲུན་བྱེད་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་དང་། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིས་ལས་འགོ་མ་ཚུགས་གོང་གི་འགྲོ་ལུགས་གང་མགྱོགས་སྒོས་བསྒྲུབ་རྒྱུར་སྐུལ་འདེད་བཏང་སྟེ། སྔ་མོ་ནས་ལས་འགོ་རྩོམ་རྒྱུར་བརྩོན་ལེན་བྱེད་པ་དང་གྲོང་གསེབ་གློག་དྲ་མཐོར་གཏོང་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་གཏོང་དགོས། རྣམ་གྲངས་ལག་བསྟར་གྱི་བརྒྱུད་རིམ་ཧྲིལ་པོར་བབ་བསྟུན་རྗེས་འདེད་དང་ལྟ་སྐུལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་མ་དངུལ་གྱི་ཆེད་དངུལ་ཆེད་སྤྱོད་དང་ལས་གྲྭའི་སྤུས་ཚད་དེ་རྒྱལ་ཁབ་ཀྱི་ཚད་གཞི་དང་མང་ཚོགས་ཀྱི་རེ་བ་དང་མཐུན་པར་འགན་ལེན་བྱེད་དགོས། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ནུས་ཁུངས་ཅུའུ་ལ་སྙན་ཞུ་ཕུལ་རྒྱུར་སྦྲེལ་མཐུད་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་དང་སྲིད་ཇུས་སྣ་ཚོགས་ཀྱི་རྒྱབ་སྐྱོར་སྔར་ལས་མང་བོ་བརྩོན་ལེན་བྱས་ཏེ“ལོ་ལྔའི་འཆར་འགོད་བཅོ་ལྔ་བའི”རིང་གྲོང་གསེབ་གློག་དྲ་སྲ་བརྟན་དང་མཐོར་འདེགས་གཏོང་བའི་ཐད་འགན་ལེན་བརྟན་པོ་བྱེད་དགོས།
ཚེ་མགོན་རྒྱལ་གྱིས་བསྒྱུར།