ཟླ5པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་གྱི“ཁུ་ནུ་འཇོན་མིའི་བྱང་བུ”ཐོག་མར་འགྲེམས་པའི་མཛད་སྒོ་ཟི་ལིང་གྲོང་ཁྱེར་དུ་བསྡུས།
“ཁུ་ནུ་འཇོན་མིའི་བྱང་བུ”ནི་ཞིང་ཆེན་གྱིས་རིམ་པ་མཐོ་བའི་འཇོན་མི་ལ་འཚམ་པར་བཟོས་པའི་ཆེད་དམིགས་ཞབས་ཞུའི་གཞི་རྟེན་ཞིག་ཡིན་ཞིང་། འཇོན་མིའི་གསར་གཏོད་ལས་སྐྲུན་གྱི་འགག་རྩའི་དགོས་མཁོ་དང་རྒྱུན་གཏན་འཚོ་བའི་དོན་དངོས་ཀྱི་དོ་ཁུར་ལ་དམ་པོར་དམིགས་ཏེ། སྲིད་ཇུས་ཀྱི་ཐོན་ཁུངས་སྡེབ་སྒྲིག་དང་སྡེ་ཁག་གི་བཀག་རྒྱ་གཏོར་བ་བརྒྱུད། བདེ་ཐང་སྨན་བཅོས་དང་འགྲིམ་འགྲུལ་འགྲོ་སྐྱོད། དངུལ་རྩའི་གཟིགས་སྐྱོང་། སྡོད་ཁང་འགན་སྲུང་སོགས་ཕྱོགས་བཅུ་གཅིག་ལ་ཁྱབ་པའི་གཟིགས་སྐྱོང་སྲིད་ཇུས་དང་སྟབས་བདེའི་ཞབས་ཞུ་ཉེར་ལྔ་མཁོ་འདོན་བྱས། “ཁུ་ནུ་འཇོན་མིའི་བྱང་བུ”དངོས་སུ་བཏོན་པ་དེ་ནི་རང་ཞིང་གི་འཇོན་མིའི་ཞབས་ཞུའི་མ་ལག་སྔར་ལས་ཇེ་ལེགས་སུ་བཏང་ནས་རིམ་སྤོར་བྱས་པ་ཞིག་ཡིན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འཇོན་མིར་བརྩི་མཐོང་དང་གཅེས་སྐྱོང་བྱེད་པའི་མངོན་ཚུལ་བཟང་བོ་ཞིག་ཡིན་པ་ལས་གཞན། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་འཇོན་མིར་རེ་ལྟོས་དང་ཁས་ལེན་གང་ལེགས་བྱེད་ཀྱིན་པའང་མཚོན་ཐུབ།
ཐོག་མའི་འགྲེམས་སྤེལ་མཛད་སྒོའི་སྟེང་དུ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་འགན་འཁུར་བློ་མཐུན་གྱིས། འཇོན་མིའི་སྲིད་ཇུས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། འཇོན་མི་འཕེལ་རྒྱས་གཏོང་བར་འཚམ་པའི་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གཏོང་བ། གསར་གཏོད་དང་ལས་སྐྲུན་གྱི་སྟེགས་བུ་སྔར་ལས་གང་མང་བསྐྲུན་ནས། སྐྱིད་སྣང་སྔར་ལས་ཆེ་བ་དང་ཐོབ་ཚོར་སྔར་ལས་དྲག་པའི་སྟེང་ནས་ཕྱི་ཡོང་འཇོན་མི་སྔར་ལས་མང་པོ་མཚོ་སྔོན་གྱི་ལས་དོན་ཁྲོད་ཞུགས་རྒྱུའི་ཐད་ཚུར་འགུག་བྱས་ནས། རང་ས་རང་ཡུལ་གྱི་འཇོན་མི་སྔར་ལས་གང་མང་མཚོ་སྔོན་དུ་རྩ་བ་ཚུགས་རྒྱུར་སྐུལ་མ་གཏོང་བ་དང་། འཇོན་མི་སྣ་ཚོགས་ཀྱིས་མཚོ་སྔོན་དུ་ལས་སྐྲུན་བྱེད་པར་གོ་སྐབས་ཡོད་པ་དང་གསར་གཏོད་བྱེད་པར་ཆ་རྐྱེན་ལྡན་པ། ལས་སྒྲུབ་བྱེད་པར་གར་སྟེགས་ཡོད་པ། འཕེལ་རྒྱས་གཏོང་བར་བར་སྟོང་ཡོད་པ་བཅས་ཡོང་བར་འབད་རྒྱུ་ཡིན་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། སྐོར་ཁག་དང་པོའི་འཇོན་མི་རྩེ་གྲ399ལ“ཁུ་ནུ་འཇོན་མིའི་བྱང་བུ”ཡི་གཟི་བརྗིད་མཚན་སྙན་ཐོབ། མཚོ་སྔོན་གྱིས་གོམ་སྟབས་རྗེས་མར་ཞབས་ཞུའི་ནུས་པ་མུ་མཐུད་འཐུས་ཚང་དུ་གཏོང་བ་དང་ཞབས་ཞུའི་བརྒྱུད་རིམ་སྔར་ལས་ཇེ་ལེགས་སུ་གཏོང་བ། སྡེ་ཁག་གི་མཐུན་སྦྱོར་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཞབས་ཞུ་ཁག་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་དང་ཞིབ་ཕྲའི་སྒོ་ནས་དོན་འཁྱོལ་བྱེད་པར་འགན་ལེན་བྱ་རྒྱུ་རེད།
བན་དེ་སྐྱབས་ཀྱིས་བསྒྱུར།