མཚོ་སྔོན་གྱི་མི་ཚོགས་གཙོ་བོས་ཁྱིམ་ཚང་སྨན་པར་གན་རྒྱ་འཇོག་ཚད་བརྒྱ་ཆའི་གྱ་དྲུག་ཡན་ལ་སླེབས།
2025.05.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས26ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱིས་ཁྱིམ་ཚང་སྨན་པར་གན་རྒྱ་འཇོག་པའི་ཞབས་ཞུའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་འཐུས་ཚང་དུ་གཏོང་བ། ཞབས་ཞུའི་མཁོ་སྤྲོད་དང་ཁྱབ་རྒྱ་བརྟན་པོའི་ངང་ཆེ་རུ་གཏོང་བ། ཁྱིམ་ཚང་སྨན་པར་གན་རྒྱ་འཇོག་པའི་ཞབས་ཞུའི་འགན་སྲུང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བ། ཁྱིམ་ཚང་སྨན་པར་གན་རྒྱ་འཇོག་པའི་ཞབས་ཞུ་ཡི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་འབད་འབུངས་གང་ལེགས་བྱས་ཡོད། མིག་སྔའི་བར་དུ། ཞིང་ཆེན་ཡོངས་སུ་ཁྱིམ་ཚང་སྨན་པའི་ཚོགས་པ2308བཙུགས་ཡོད་པ་དང་། རྒྱུན་སྡོད་མི་འབོར་གྱི་གན་རྒྱ་འཇོག་ཚད69.85%ལ་སླེབས་ཡོད་ཅིང་། མི་ཚོགས་གཙོ་བོས་ཁྱིམ་ཚང་སྨན་པར་གན་རྒྱ་འཇོག་ཚད86.84%སླེབས་ཡོད་པར་བརྟེན། བདེ་ཐང་དོ་དམ་གྱི་ཕན་འབྲས་རིམ་བཞིན་ཇེ་མཐོར་ཕྱིན་ཡོད། ཟི་ལིང་གྲོང་ཁྱེར་གྱི་ཁྱིམ་ཚང་སྨན་པས“ཁྱིམ་ཚང་གསུམ”གྱི་ཞབས་ཞུའི་རྣམ་པའི་ཉམས་མྱོང་དང་བྱེད་ཕྱོགས་ལ་རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཁས་ལེན་ཐོབ་ཡོད་ལ།  དཔེ་མཚོན་གྱི་ཉམས་མྱོང་རྒྱལ་ཡོངས་སུ་སྤེལ་རེས་དང་ཁྱབ་གདལ་བཏང་ཡོད།

མཚོ་སྔོན་གྱིས་སྔ་རྗེས་སུ《མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་སྨན་པར་གན་རྒྱ་འཇོག་པའི་ཞབས་ཞུ་ཡི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》དང་། 《མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་སྨན་པར་གན་རྒྱ་འཇོག་པའི་ཞབས་ཞུའི་ལས་དོན་ཚད་གཞི》སོགས་ཡིག་ཆ་རིམ་པར་བཏོན་ནས། ཁྱིམ་ཚང་སྨན་པར་གན་རྒྱ་འཇོག་པའི་ཞབས་ཞུའི་ལས་དོན་ལམ་སྲོལ་འཛུགས་པ་དང་དེ་སྔར་ལས་འཐུས་ཚང་དུ་བཏང་ཡོད། འཕྲོད་བསྟེན་དང་འཕེལ་རྒྱས་བཅོས་སྒྱུར། ནོར་སྲིད། མི་ཤུགས་དང་སྤྱི་ཚོགས་འགན་སྲུང་། སྨན་བཅོས་འགན་སྲུང་སོགས་སྡེ་ཁག་བཅས་ཀྱི་གཅིག་གྱུར་འཆར་འགོད་མཉམ་འགུལ་ལམ་སྲོལ་བཙུགས་ནས། མི་རེར་ལོ་རེར་སྒོར་20ཡི་གན་རྒྱ་འཇོག་པའི་ཞབས་ཞུའི་གྲོན་དངུལ་བསྡུ་བའི་ཚད་གཞི་ཐོག་མ་ཁ་གསལ་བཟོས་ཡོད་ཅིང་། དེའི་ནང་སྨན་བཅོས་འགན་སྲུང་གིས་སྒོར7སྤྲོད་རྒྱུ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་གྱིས་སྒོར་བདུན་གྱི་འགན་འཁུར་རྒྱུ། གན་རྒྱ་འཇོག་མཁན་མི་སྒེར་གྱིས་སྒོར6སྤྲོད་རྒྱུ་བཅས་བྱས་ཏེ། ཁྱིམ་ཚང་གི་སྨན་པའི་ཚོགས་པ་ཡི་ལས་ཀའི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་གང་ལེགས་བྱས།

ཁྱིམ་ཚང་གི་སྨན་པ་རྣམས་ཚན་ཁག་ཡོངས་ནས་ཆེད་ཚན་དུ་རྒྱ་བསྐྱེད་པ་དང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་རིམ་པ་གཉིས་པ་དང་རིམ་པ་གསུམ་པར་རྒྱ་བསྐྱེད་པ། གཞུང་བཙུགས་སྨན་བཅོས་ལས་ཁུངས་ནས་དམངས་གཉེར་སྨན་བཅོས་ལས་ཁུངས་སུ་རྒྱ་བསྐྱེད་པ། ཚོགས་པའི་གན་རྒྱ་འཇོག་པ་ནས་སྨན་པ་མི་སྒེར་གྱི་གན་རྒྱ་འཇོག་པའི་ཕྱོགས་སུ་རྒྱ་བསྐྱེད་པ། ལོ་གཅིག་གི་ཡུན་ལ་ངེས་གཏན་གྱི་གན་རྒྱ་འཇོག་པའི་དུས་ཡུན་ནས་སྟབས་བསྟུན་གྱི་གན་རྒྱ་འཇོག་པའི་དུས་ཡུན་དུ་རྒྱ་བསྐྱེད་པ། དལ་བའི་རང་བཞིན་གྱི་ནད་ལ་དོ་དམ་བྱེད་པ་ནས་དལ་བའི་རང་བཞིན་གྱི་ནད་དང་འགོས་ནད་ལ་མཉམ་དུ་དོ་དམ་བྱེད་པའི་ཕྱོགས་སུ་རྒྱ་བསྐྱེད་པ། གན་རྒྱ་འཇོག་པའི་ཞབས་ཞུའི་རང་བདག་སྔར་ལས་རྒྱ་བསྐྱེད་པ། གན་རྒྱ་འཇོག་པའི་ཞབས་ཞུའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བཅས་བྱས་ཏེ། མང་ཚོགས་ཀྱི་རིམ་པ་མང་བ་དང་སྣ་མང་ཅན་གྱི་བདེ་ཐང་གི་དགོས་མཁོ་སྐོང་བར་རྩེ་གཅིག་ཏུ་འབད་རྒྱུ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།