ཟླ5པའི་ཚེས27ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མཚོ་སྔོན་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་ཞུ་གཏུག་གི་ཞིབ་དཔྱོད་འགན་ནུས་ལ་རྐང་བཙུགས་ནས། སྐྱེ་ཁམས་ཁོར་ཡུག་དང་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་གྱོད་སྒྲུབ་བྱེད་ཤུགས་སྔར་ལས་ཇེ་ཆེར་བཏང་བ་དང་། མིག་སྔའི་བར་དུ་བསྡོམས་པས་སྐྱེ་ཁམས་ཁོར་ཡུག་དང་འབྲེལ་བའི་གྱོད་གཞི223བསྒྲུབས་ཏེ། མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
ཁྲིམས་འཛིན་གྱོད་སྒྲུབ་ལ་རྒྱུན་མཐུད་ངང་ཤུགས་སྣོན་པ་བརྒྱུད་དེ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་འགལ་གསར་སྤེལ་དང་བདག་བཟུང་བྱས་པའི་རྩྭ་ཐང་དང་ནགས་ས། རྨོ་ཞིང་བཅས་ཉམས་གསོ་བྱེད་པར་སྐུལ་འདེད་བཏང་བ་དང་། བཙོག་བཟོ་དང་ཁྲིམས་འགལ་བདག་བཟུང་བྱས་པའི་ཆུ་རྐ་སོགས་གཙང་བཤེར་བྱེད་པར་སྐུལ་འདེད་བཏང་ནས། སྐྱེ་ཁམས་བཟང་བོར་སྲུང་སྐྱོབ་བྱས། སྐྱེ་ཁམས་ཁོར་ཡུག་སྤྱི་ཕན་ཞུ་གཏུག་གི་སྐོར་སྐྱོད་ཞིབ་དཔྱོད་གཏིང་ཟབ་ཏུ་སྤེལ་བ་དང་། ཁུངས་སྣེའི་ཡོང་ཁུངས་ཕྱོགས་ཡོངས་ནས་རྒྱ་བསྐྱེད་པ་དང་གྱོད་གཞི་བསྒྲུབ་ཤུགས་ཇེ་ཆེར་བཏང་ལ། གྱོད་གཞི་དང་འབྲེལ་བའི་རི་སྐྱེས་སྲོག་ཆགས་ཀྱི་གནོད་འཚེ་གསབ་འཇལ་གྲོན་དངུལ་ཕྱིར་བསྡུ་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་སྤྱི་ཕན་གནོད་ཐེབས་ཀྱི་འབུར་ཐོན་གནད་དོན་སྐོར་ཞིག་ཐག་གཅོད་པར་སྐུལ་འདེད་བཏང་།
འབྲེལ་ཡོད་ས་ཁུལ་གྱི་སྡེ་ཁག་དང་མཉམ་དུ་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་སྤྱི་ཕན་ཞུ་གཏུག་གི་ཞིབ་དཔྱོད་དང་སྲིད་འཛིན་ཁྲིམས་བསྟར་སྦྲེལ་མཐུད་ཀྱི་རྐྱེན་སྲོལ་བཙུགས་པ་དང་། མཚོ་སྔོན་པོ་ས་ཁུལ་གྱི་སྲིད་འཛིན་ཁྲིམས་བསྟར་དང་སྤྱི་ཕན་ཞུ་གཏུག་ཞིབ་དཔྱོད་ཀྱི་མཉམ་ལས་གཞོགས་འདེགས་རྐྱེན་སྲོལ་འཛུགས་པར་འཚོལ་ཞིབ་བྱས་ལ། ཞིང་ཆེན་ཐད་གཏོགས་ལས་ཁུངས་བདུན་དང་མཉམ་དུ་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་པ་དང་སྤྱི་ཐུན་ཁེ་ཕན་གྱི་འཐུས་ཚབ་པའི་མཉམ་ལས་རྐྱེན་སྲོལ་བཙུགས་ནས། མཉམ་དུ་མི་ཆུ་མཛའ་མཐུན་དང་འཆམ་མཐུན་མཉམ་གནས་ཀྱི་ཆུའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རྣམ་པ་གྲུབ་པར་བྱས། གསབ་འདེབས་ལྗང་གསོ་དང་སྐྱེ་ཁམས་ཁོར་ཡུག་གི་གནོད་འཚེ་ཁ་གསབ་སོགས་ཀྱི་སྣ་མང་ཉམས་གསོའི་རྣམ་པ་བཀོལ་སྤྱོད་བྱེད་པ་དང་། ཁྲིམས་ལྟར་ཁྲིམས་འགལ་ཉེས་བྱས་མིའི་སྐྱེ་ཁམས་ཁོར་ཡུག་གི་གནོད་འཚེ་ཁ་གསབ་འགན་འཁྲི་རྩད་གཅོད་བྱས་ཏེ། མཚོ་བོད་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱས།
སྤྱི་བདེ་དང་ནགས་ལས་སོགས་སྡེ་ཁག་དང་མཉམ་དུ་མི་དང་རི་སྐྱེས་སྲོག་ཆགས་བར་གྱི་འགལ་རྩོད་འགོག་ཟོན་སྲིད་འཛིན་ཁྲིམས་བསྟར་དང་སྤྱི་ཕན་ཞུ་གཏུག་གི་ཞིབ་དཔྱོད་སྦྲེལ་མཐུད་ལ་ཤུགས་བསྣན་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་རམ་འདེགས་བྱེད་པའི་མཉམ་ལས་རྐྱེན་སྲོལ་བཙུགས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་མི་དང་གཅན་གཟན་གྱི་འགལ་རྩོད་ཕུགས་འདེད་བཅོས་སྐྱོང་ཐད་རམ་འདེགས་བྱས། ནོར་གནག་གི་སྤྱི་ཕན་ཁྲིམས་འཛིན་སྲུང་སྐྱོབ་ལ་ཤུགས་སྣོན་པའི་ཆེད་དོན་བྱ་འགུལ་སྤེལ་བ་དང་། ནོར་གནག་སོགས་རྩ་ཆེ་ཞིང་རྒྱུད་ཆད་ལ་ཉེ་བའི་རི་སྐྱེས་རི་དྭགས་ཀྱི་འཚོ་སྡོད་བྱེད་སའི་ཁོར་ཡུག་ལེགས་བསྒྱུར་བྱས་པས། ནོར་གནག་སོགས་རྩ་ཆེ་ཞིང་རྒྱུད་ཆད་ལ་ཉེ་བའི་རིགས་ཚོགས་ཐོན་ཁུངས་རྒྱུན་མཐུད་ངང་ཉམས་གསོ་འཕར་སྣོན་བྱུང་།
རིན་ཆེན་མཚོས་བསྒྱུར།