རང་ཞིང་གིས་ཕག་ཤའི་བཤས་ཚོང་ལས་རིགས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་བྱས།
2025.05.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ5བའི་ཚེས26ཉིན།  གསར་འགོད་པས་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན།  མཚོ་སྔོན་ཞིང་ཆེན་སྲོག་ཆགས་དང་སྐྱེ་དངོས་ཀྱི་ནད་ཡམས་ཞིབ་བཤེར་ས་ཚིགས་ཀྱིས་ཆེད་མཁས་པ་རྩ་འཛུགས་བྱས་ཏེ།  ཉེ་བའི་ཉིན་འདི་གར་གཏེར་ལེན་ཁ་གྲོང་ཁྱེར་གྱི་ཅེ་ཁང་ཕག་ཤའི་བཤས་ཚོང་ཁང་གི《ཕག་བཤའི་སྤུས་ཚད་དོ་དམ་ཚད་གཞི》ལག་བསྟར་གནས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱས།  ད་ལྟའི་བར་དུ།  ཞིང་ཆེན་ཡོངས་ཀྱི་ཕག་ཤའི་བཤས་ཚོང་གི་ཁེ་ལས17ལ་སྐོར་དང་བོའི་ཁྱོན་ཡོངས་ཞིབ་བཤེར་དཔྱད་འཇོག་བྱ་བ་ལེགས་འགྲུབ་བྱས་ཡོད།

ད་ལོའི་ཟླ2པ་ནས་བཟུང་།  ཕྱོགས་ཡོངས་ནས《ཕག་བཤའི་སྤུས་ཚད་དོ་དམ་ཚད་གཞི》དོན་འཁྱོལ་བྱེད་ཆེད།  ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་བྱ་བའི་ཇུས་གཞི་ལ་གཅིག་གྱུར་བཀོད་སྒྲིག་བྱས་ཏེ།  “ཞིང་ཆེན་རིམ་པས་བཀོད་སྒྲིག་དང་གྲོང་ཁྱེར་རིམ་པས་འགན་ལེན།  རྗོང་རིམ་པས་དོན་འཁྱོལ་བྱེད་པ”བཅས་རིམ་པ་གསུམ་གྱི་མཉམ་འགུལ་རྐྱེན་སྲོལ་བཙུགས་ནས།  ལས་འགན་བཀོད་སྒྲིག་རེའུ་མིག་དང་ལག་བསྟར་ལམ་ཐིག་གསལ་བོར་བཏོན།  ཞིང་ཆེན་དང་གྲོང་ཁྱེར།  རྫོང་བཅས་རིམ་པ་གསུམ་གྱི་ཆེད་མཁས་ཚོ་ཆུང་སྒྲིག་འཛུགས་བྱས་ཏེ།  ཟི་ལིང་དང་མཚོ་ཤར།  ཡུའུ་ཧྲུའུ།  མཚོ་ནུབ་སོགས་གཙོ་གནད་གྲོང་ཁྱེར་དང་རྫོང་གི་ཕག་བཤའི་ཁེ་ལས་ཀྱི་སྤུས་ཚད་དོ་དམ་ཚད་ལྡན་གཏོང་བར་ལྟ་སྐུལ་ཞིབ་བཤེར་བྱས།  དེ་དང་ཆབས་ཅིག  ཆེད་ལས་ལག་རྩལ་མི་སྣ་ཁེ་ལས་སུ་ཟབ་ཞུགས་བྱེད་པར་མངགས་ཏེ།  འབྲེལ་གཏུག་བྱེད་སར་སོང་ནས་དངོས་སུ་མཛུབ་སྟོན་དང་ལག་རྩལ་ཞབས་ཞུ་ལག་བསྟར་བྱས།  ཡང་དག་པའི་ངང་ཁེ་ལས་ཀྱི་དགོས་མཁོར་སྦྲེལ་མཐུད་དང་མ་ལག་གི་ནུས་ཞན་ལས་རིམ་ལ་ཞིབ་བཤེར་བྱས་ཏེ།  ལེགས་བཅོས་ཀྱི་ཁ་ཕྱོགས་གསལ་བོར་བསྟན་པ་དང་།  ཁེ་ལས་ཀྱི་འོས་འགན་གཙོ་བོ་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་།

ཞིང་ལས་ཞིང་སྡེ་པུའུ་བཤས་ཚོང་ལག་རྩལ་ལྟེ་གནས་ཀྱི་མཛུབ་སྟོན་འོག   བྱ་བའི་ཚན་ཆུང་གིས་ནན་ཏན་སྒོས་རིམ་དབྱེ་བཤེར་འབེབས་དང་ཞིབ་བཤེར་ཚད་གཞི་ལག་བསྟར་བྱས་ལ།  ཁེ་ལས་ཀྱི་གཞི་ཁྱོན་དང་དངོས་ཡོད་འཕེལ་རིམ་ཟུང་འབྲེལ་སྒོས།  རིམ་པ་བགར་ནས《ཕག་བཤའི་སྤུས་ཚད་དོ་དམ་ཚད་གཞིའི》དོན་ཚན160ནང་དོན་ཡུལ་དངོས་ནས་ཞིབ་བཤེར་དང་རེ་རེ་བཞིན་དཔྱད་འཇོག་བྱས།  ཞིབ་བཤེར་ཁྲོད་ཤེས་རྟོགས་བྱུང་བའི་སྤྱིའི་གནད་དོན་དང་བྱེ་བྲག་གི་གནད་དོན་ལ་དམིགས་ཏེ།  བྱ་བའི་ཚན་ཆུང་གིས་ལག་རྩལ་ལེགས་བཅོས་དང་ཁེ་ལས་ཀྱི་དོན་དངོས་གནས་ཚུལ་ལ་གཞིགས་ནས་ལེགས་བཅོས་ཇུས་གཞི་བཟོས་པ་དང་།  ལེགས་བཅོས་ཀྱི་དུས་ཡུན་དང་གོང་སྤེལ་བྱེད་ཐབས་གསལ་བོར་བཏོན་ནས་གནད་དོན་ལ་དོ་དམ་ལེགས་པོ་བྱེད་པར་ཁེག་ཐག་བྱས།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།