ཟླ5པའི་ཚེས23ཉིན། གསར་འགོད་པས་ཞིང་ཆེན་ཏང་ཨུའི་དངུལ་རྩའི་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་མ་ལག་གིས་ཚན་རྩལ་དངུལ་རྩ་དང་། ལྗང་མདོག་དངུལ་རྩ། ཀུན་ཕན་དངུལ་རྩ། རྒན་གསོའི་དངུལ་རྩ། གཞི་གྲངས་དངུལ་རྩ་བཅས་གནད་དོན་ཆེན་པོ་ལྔ་དམ་འཛིན་བྱས་ཏེ། གསོག་ཚད་དང་འཕར་ཚད་ཀྱི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་དོན་འཁྱོལ་དངོས་འབེབས་བྱས་ཤིང་། རྒྱུན་མཐུད་ངང་དངུལ་རྩའི་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་དང་། ནུས་ལྡན་མཁོ་སྤྲོད་ཀྱི་ཤུགས་ཆེ་རུ་བཏང་སྟེ། ཤུགས་ཆེན་པོས་དངོས་ཕུང་དཔལ་འབྱོར་ལ་རྒྱབ་སྐྱོར་བྱས་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་དངུལ་རྩའི་རྒྱབ་སྐྱོར་བྱས།
ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་ལས་ཁུངས་གིས་དངུལ་རྩའི་ཞབས་ཞུ་མ་ལག་གསར་གཏོད་བཟང་པོ་བྱས་ཏེ། ཀུང་ཟིའི་དངུལ་བུན་དང་སྒེར་གྱི་དངུལ་བུན། དུས་དཀྱིལ་འཛིན་ཡིག རྐང་དབང་དངུལ་གཏོང་སོགས་ཀྱི་དངུལ་གསོག་རྣམ་པ་སྤྱད་ནས། ཁེ་ལས་ཀྱི་སྣ་མང་དངུལ་རྩའི་དགོས་མཁོ་བསྐངས།
ཞིང་ཆེན་ཏང་ཨུའི་དངུལ་རྩའི་གཞུང་སྒྲུབ་ཁང་གིས་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་བཟོ་ལས་དང་ཆ་འཕྲིན་ཅན། མི་དམངས་དངུལ་ཁང་། དངུལ་རྩའི་ལྟ་སྐུལ་དོ་དམ་ཁང་སོགས་འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་བྱས་ནས། ཡིད་རྟོན་དངུལ་བུན་བསྐྱི་བ་དང་། ལས་གཞི་གལ་ཆེན། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སོགས་ཆེད་དོན་དངུལ་གསོག་སྦྲེལ་མཐུད་ཚོགས་འདུ་བསྡུས་ནས། དངུལ་ཁང་ལས་རིགས་ཀྱིས་རང་ཞིང་གི་བཟོ་ལས་རྣམ་གྲངས་གཙོ་བོ་སོ་གསུམ་ལ་སྒོར་ཐེར་འབུམ་བརྒྱད་དང་དུང་ཕྱུར་དྲུག་བྱེ་བ་བདུན་ས་ཡ་ལྔ་བྱིན་པ་དང་། དངོས་སུ་ལག་བསྟར་བྱས་པའི་སྒོར་གྲངས་ཐེར་འབུམ་གཉིས་དང་དུང་ཕྱུར་གཉིས་བྱེ་བ་གསུམ་དང་ས་ཡ་བརྒྱད་རེད། སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་གཅིག་བྱེ་བ་ལྔ་ས་ཡ་བརྒྱད་ཀྱི་མཉམ་ལས་རེ་འདུན་བཀོད་པ་དང་། ཚོང་འགུག་དངུལ་འདྲེན་ཉེར་གཉིས་དང་འཛད་སྤྱོད་ཁྱབ་ཁོངས་གྱ་དགུ་ལ་རྒྱབ་སྐྱོར་བྱས། དམངས་གཉེར་ཁེ་ལས་ཆུང་གྲས་སུམ་བརྒྱ་དོན་དགུའི་རྣམ་གྲངས་ལ་མ་རྩ་སྒོར་ཐེར་འབུམ་དགུ་དང་དུང་ཕྱུར་གཅིག་བྱེ་བ་གཉིས་ས་ཡ་ལྔ་བསགས་ཡོད།
ཏིང་འཛིན་མཚོ་མོས་བསྒྱུར།