ཟླ5པའི་ཚེས28ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་པའི་སྟེང་གྲོས་འཆམ་བྱུང་བའི་མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་སློབ་གསོའི་སྐུལ་སྤེལ་སྲོལ་ཡིག་གི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས།
སྒྲོག་སྤེལ་ཚོགས་འདུའི་སྟེང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅའ་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བློ་མཐུན་གྱིས་སྲོལ་ཡིག་གི་ཁྲིམས་འཛུགས་རྒྱབ་ལྗོངས་དང་བརྒྱུད་རིམ། དོན་སྙིང་། ནང་དོན་དང་ཁྱད་ཆོས་བཅས་ཐད་ནས་གསར་འགྱུར་སྒྲོག་སྤེལ་བྱས་པར་མ་ཟད། གཙོ་བོར་སྲོལ་ཡིག་ནང་ཐག་གཅོད་པར་སྐུལ་བའི་གནད་དོན་དང་ལག་ལེན་མཐར་ཕྱིན་གྱི་བསམ་ཕྱོགས་བྱེད་ཐབས་ངོ་སྤྲོད་བྱས།
སྲོལ་ཡིག་ལ་བསྡོམས་པས་ལེའུ་བདུན་དང་དོན་ཚན་ཞེ་དགུ་ཡོད་ལ། སྲོལ་ཡིག་གིས་སྤྱོད་བརྟེན་མི་སྐྱོང་གཙོ་ཐིག་ཏུ་བྱས་པ་དང་། ལམ་ལུགས་ཀྱི་ཇུས་འགོད་བཟང་བོ་བྱེད་པ་དང་འབྲེལ་ཡོད་ཚད་གཞི་གཏན་ཁེལ་བྱེད་རྒྱུ་གཙིགས་འཛིན་བྱས་ནས། ཁྱིམ་ཚང་གིས་འགན་ཁུར་བ་དང་སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་པ། སློབ་གྲྭས་མཛུབ་སྟོན་བྱེད་པ། སྤྱི་ཚོགས་ཀྱིས་མཉམ་རོགས་བྱེད་པའི་བར་གྱི་གཞོགས་འདེགས་དང་མཉམ་འབྲེལ་སྒྲིག་ཡོད་ལག་བསྟར་བཟང་བོ་བྱེད་པར་ཁག་ཐེག་བྱས་ཡོད། ཁྲིམས་འཛུགས་ཀྱི་ངེས་གནས་གསལ་བོ་བྱེད་པ་དང་། སྡེབ་སྒྲིག་སྦྲེལ་མཐུད་ཐད་ནས་གོ་རིམ་ལྡན་པར་བྱེད་པ། གནད་དོན་གྱི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ། ས་གནས་ཀྱི་ཁྱད་ཆོས་མངོན་པར་བྱས་ནས། རིམ་པ་མང་པོ་དང་ཟུར་ངོས་མང་པོ་ནས་ཁྱིམ་ཚང་སློབ་གསོའི་བྱ་བ་བཟང་བོ་བསྒྲུབ་པའི་ཐད་ལམ་ལུགས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས་ཡོད།
ནང་དོན་ཐད་ནས། སྲོལ་ཡིག་གིས་ཁྱིམ་ཚང་གི་ནར་མ་སོན་པའི་མི་ཡི་ཁྱིམ་ཚང་སློབ་གསོ་ཁྲོད་ཀྱི་གོ་གནས་གཙོ་བོ་འབུར་དུ་ཐོན་པར་བྱས་པ་དང་། ཕ་མ་དང་ཡང་ན་ལྟ་རྟོག་པ་གཞན་པས་ཀུན་སྤྱོད་རྒྱུ་གཤིས་དང་ལུས་སེམས་བདེ་ཐང་། ངལ་རྩོལ་ལག་ལེན་སོགས་ཕྱོགས་ནས་ཚན་རིག་སློབ་གསོ་སྤེལ་དགོས་པ་གཏན་ཁེལ་གསལ་བོ་བྱས་ཡོད་ལ། ཁྱིམ་ཚང་གི་དྲག་ཤུགས་དང་མཐོང་ཆུང་གི་སྤྱོད་ཚུལ་བཀག་འགོག་བྱས། དེ་དང་མཉམ་དུ། སྲོལ་ཡིག་གིས་སློབ་གསོའི་འགོག་ཁུལ་དབྱེ་འབྱེད་གཏན་འབེབས་བྱས་ནས། ཕ་མས་ཕོ་མོའི་དབྱེ་བ་དང་ལུས་ཕུང་གི་གནས་ཚུལ་སོགས་ཀྱི་དབང་གིས་བུ་ཕྲུག་ལ་མཐོང་ཆུང་བྱེད་པར་བཀག་འགོག་བྱས་པ་དང་། ནར་མ་སོན་པའི་མི་ཁྲིམས་འགལ་བྱ་འགུལ་སོགས་ཀྱི་ཁྲོད་ཞུགས་པར་བཙན་སྐུལ་བྱེད་མི་རུང་བ་གཏན་ཁེལ་བྱས་ཡོད། གཏན་ཁེལ་དེ་དག་གིས་ནར་མ་སོན་པའི་མིའི་ཡང་དག་པའི་རིན་ཐང་ལྟ་བ་དང་ཀུན་སྤྱོད་སྤྱོད་ཚུལ་བཟང་བོ་སྐྱེད་སྲིང་བྱེད་པར་ཕན་པ་ཡོད་པ་དང་། ཁོ་ཚོ་འཚར་ལོངས་འབྱུང་བ་དང་འཇོན་ཐང་ཅན་དུ་འགྱུར་བའི་ཐད་རྨང་གཞི་བརྟན་པོ་བཏིངས།
སྲོལ་ཡིག་དེ2025ལོའི་ཟླ6པའི་ཚེས1གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།