《མཚོ་སྔོན་ཞིང་ཆེན་གྱི་བདེ་ཐང་གྲོང་གསེབ་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི་ལྔ》ཁྱབ་བསྒྲགས་བྱས།
2025.05.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས28ཉིན། གསར་འགོད་པས་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་བསྡུས་པའི་མཚོ་སྔོན་ཞིང་ཆེན་བདེ་ཐང་གྲོང་གསེབ་འཛུགས་སྐྲུན་གནས་ཚུལ་ཐད་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཁག་ཉེར་གཉིས་དང་མཉམ་དུ《མཚོ་སྔོན་ཞིང་ཆེན་གྱི་བདེ་ཐང་གྲོང་གསེབ་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི་ལྔ》གཏན་འབེབས་པར་འགྲེམ་བྱས་ནས། རང་ཞིང་གི་བདེ་ཐང་གྲོང་གསེབ་འཛུགས་སྐྲུན་བྱ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། རོང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་ཆེར་སྐྱེད་ལ། བབ་སྡོད་ལས་བརྩོན་དང་ཞི་མཛེས་གྲོང་གསེབ་འཛུགས་སྐྲུན་བྱེད་པར་རོགས་ཤུགས་བཏོན་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་ཐད་བདེ་ཐང་གི་རྨང་གཞི་བརྟན་པོ་བཏིངས།

《ཇུས་གཞིའི》ནང་བདེ་ཐང་གྲོང་གསེབ་འཛུགས་སྐྲུན་གྱི་སྤྱི་ཁོག་གི་དམིགས་འབེན་གསལ་བོ་བྱས་ཡོད་པ་དང་། གྲོང་གསེབ་ཀྱི་བདེ་ཐང་འཚོ་བ་ཁྱབ་གདལ་བྱེད་པ་དང་གྲོང་གསེབ་ཀྱི་བདེ་ཐང་ཞབས་ཞུ་ལེགས་བསྒྱུར་བྱེད་པ། གྲོང་གསེབ་ཀྱི་བདེ་ཐང་འགན་སྲུང་འཐུས་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་བདེ་ཐང་ཁོར་ཡུག་འཛུགས་སྐྲུན་བྱེད་པ། གྲོང་གསེབ་ཀྱི་བདེ་ཐང་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་བཅས་ནང་དུ་འདུ་བའི་ཕྱོགས་ལྔ་ཐད་ཀྱི་ལས་འགན་གཙོ་བོ་ཕྱིར་བཏོན་ཡོད།  དེའི་ཁྲོད། རོང་འབྲོག་ཁུལ་གྱི་སྡོད་དམངས་ཀྱི་བསམ་བློའི་འདུ་ཤེས་བསྒྱུར་བ་དང་དཔལ་ཡོན་དང་བདེ་ཐང་གི་འཚོ་བ་རོལ་སྟངས་ཁྱབ་གདལ་གཏོང་རྒྱུ་དེ་ཞིང་སྡེ་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་ནང་དོན་གཙོ་བོར་བརྩི་ཡོད། དམངས་ཡོངས་བདེ་ཐང་གི་འཚོ་བ་རོལ་སྟངས་ཀྱི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་ནས། བདེ་ཐང་གི་ཤེས་བྱ་ཁྱབ་གདལ་དུ་བཏང་། རོང་འབྲོག་དམངས་ཀྱི་ཉིན་རྒྱུན་གྱི་བདེ་ཐང་གནས་བབ་དོ་སྣང་བྱེད་པ་དང་། མི་ཚོགས་གཙོ་བོའི་བདེ་ཐང་དོ་དམ་དང་ལུས་པོའི་ལྗིད་ཚད་དོ་དམ་ལ་ཤུགས་བསྣན་ནས། མང་ཚོགས་རང་ལུས་བདེ་ཐང་གི་འགན་ཁུར་མི་སྣ་དང་པོ་བྱེད་པར་སྣེ་ཁྲིད་བྱས། བདེ་ཐང་ཀྲུང་གོའི་འགུལ་སྐྱོད་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་སྐུལ་སྤེལ་འགུལ་སྐྱོད་རྒྱུན་མཐུད་ངང་ལག་བསྟར་བྱེད་པ་དང་། འཚོ་བ་རོལ་སྟངས་ལེགས་བསྒྱུར་བྱེད་པ་དང་ཀྲུང་བོད་ལུགས་གསོ་རིག་གི་ཁམས་གསོ་བདེ་སྲུང་གཉིས་མཉམ་བསྲེས་བྱས་ནས། རོང་འབྲོག་དམངས་ཀྱི་རང་འགུལ་གྱི་བདེ་ཐང་ལ་སྐུལ་འདེད་བཏང་།

རིན་ཆེན་མཚོས་བསྒྱུར།