མཚོ་སྔོན་ཞིང་ཆེན་གྱི་སྐོར་དང་པོའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མ་རྡུལ་ཕྲན་མཁར་གྲོང་དུ་བསྐྱོད་པའི་རྒྱལ་གཅེས་རིང་ལུགས་སློབ་གསོའི་བྱ་འགུལ་དང་དྲུག་གཅིག་སྐེ་དཀྲིས་དམར་པོའི་ཆེད་དོན་བྱ་འགུལ་ཟླ5པའི་ཚེས29ཉིན་དངོས་སུ་སྤེལ་འགོ་བརྩམས། དགེ་སློབ580ཟི་ལིང་ནས་ལམ་ལ་ཆས་ཏེ། སྤྱི་ལེ་དགུ་བཅུའི་ཕྱི་རོལ་གྱི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་དུ་སོང་ནས། དོན་སྙིང་ཆེན་པོ་ལྡན་པའི་དམར་པོའི་ཞིབ་སློབ་ཀྱི་འགྲུལ་བཞུད་ཀྱི་འགོ་བརྩམས།
མདའ་བཞི་རྫོང་ལ་མདེལ་གཉིས་འབྱུང་ས་དང་གནའ་བོའི་ནུབ་མཚོ། ལྷ་མཚོའི་བྱང་འགྲམ། ཙོང་ཆུའི་འགོ་ཁུངས། རྒྱང་རིང་གི་གནས་མཆོག་བཅས་ཀྱི་མཚན་སྙན་ཡོད་ལ། དེ་ནི་རླབས་ཆེ་བའི་མདེལ་གཉིས་སྐར་གཅིག་གྱི་སྙིང་སྟོབས་ཀྱི་འབྱུང་གནས་ཡིན་པ་དང་། དམར་པོ་རིག་གནས་ཀྱི་རྫོང་སྟུག་ཅིང་དམར་པོའི་སློབ་གསོའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད། མཚོ་སྔོན་རྡུལ་ཕྲན་མཁར་གྲོང་རྗེས་དྲན་ཁང་དང་སྔོན་ཆད་ཀྱི211རྟེན་གཞིའི་གནས་ཤུལ་བཟོ་གྲྭ་དང་པོ། མཚོ་བྱང་ཁུལ་མི་རིགས་རྟེན་མཛོད་གླིང་སོགས་དམར་པོའི་ཞིབ་སློབ་ཀྱི་ཡུལ་གནས་སུ། སློབ་མ་ཚོས་ཡུལ་དངོས་ལྟ་སྐོར་དང་འགྲེལ་བཤད་ཉན་པ། དངོས་ཞུགས་ཉམས་ལེན་སོགས་ཀྱི་རྣམ་པ་བརྒྱུད་དེ། གསར་བརྗེ་སྔོན་རབས་པས་རྒྱལ་ཁབ་དང་མི་རིགས་ཀྱི་ཁེ་ཕན་གྱི་ཆེད་དུ། དཀའ་ཁག་ལ་མི་འཛེམ་པ་དང་ཡོད་ཚད་བློས་གཏོང་ཕོད་པའི་བླ་མེད་སྙིང་སྟོབས་ལ་ཐད་ཀར་མྱོང་ཚོར་བྱས། ཐེངས་འདིའི་བྱ་འགུལ་གྱིས་ན་གཞོན་ལོ་ཆུང་ཚོས་གསར་བརྗེའི་ལོ་རྒྱུས་སེམས་ལ་བརྟན་པོར་འཛིན་པ་དང་གསར་བརྗེའི་དཔའ་བོར་སྤྱི་བཀུར་བྱེད་པ། གསར་བརྗེའི་བྱ་གཞག་རྒྱུན་འཛིན་བྱས་ནས། དམར་པོའི་གཞི་རྒྱུ་དེ་ཁྲག་རྒྱུན་ནང་འདྲེས་པར་སྣེ་ཁྲིད་བྱས།
ཐེངས་འདིའི་བྱ་འགུལ་གྱིས་ལང་ཚོའི་ཕུགས་འདུན་བསྙེག་པ་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་བ་ཇེ་ཟབ་ཏུ་གཏོང་བ། བསྐྱར་དར་གྱི་འཇོན་མི་བྱེད་རྒྱུ་བརྗོད་དོན་དུ་བྱས་ཡོད། དམར་པོའི་ཞིབ་སློབ་ཀྱི་ཆེད་དོན་བྱ་འགུལ་སྤེལ་འགོ་བརྩམས་པ་དེ་ནི། མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མ་རྡུལ་ཕྲན་མཁར་གྲོང་དུ་བསྐྱོད་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱ་འགུལ་གྱི་ལག་བསྟར་ཇུས་གཞི་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་ལ། དེའི་དམིགས་འབེན་ནི་རྒྱ་ཆེའི་ན་གཞོན་ལོ་ཆུང་རྩ་འཛུགས་བྱས་ནས་དམར་པོའི་གནས་མཆོག་ཏུ་བསྐྱོད་པ་དང་། དམར་པོའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དེ་རེད། ཉམས་ལེན་རང་བཞིན་གྱི་དམར་པོའི་སློབ་གསོ་བརྒྱུད་དེ། ན་གཞོན་ལོ་ཆུང་གི་གསར་བརྗེའི་སྙིང་སྟོབས་ཀྱི་ངོས་འཛིན་ཇེ་ཟབ་ཏུ་བཏང་བ་དང་། མི་རིགས་བསྐྱར་དར་གྱི་འགན་ཆེན་ཕྲག་ཏུ་ལེན་ཕོད་པའི་དུས་རབས་ཀྱི་མི་གསར་བ་བྱེད་རྒྱུའི་བློ་རྩ་ཇེ་བརྟན་དུ་བཏང་།
རིན་ཆེན་མཚོས་བསྒྱུར།