གཞི་རིམ་གྱི་སྨན་བཅོས་སྒྲིག་གཞིའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་རྒྱ་ཆེའི་མང་ཚོགས་ཀྱིས་རང་སོ་སོའི་སྒོ་འགྲམ་དུ་སྔར་ལས་སྤུས་ལེགས་དང་སྟབས་བདེ་བའི་སྒོ་ནས་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་བྱེད་ཐུབ་ཆེད། ཟླ5པའི་ཚེས29ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་དང་ཁུལ་ཡོངས་ཀྱི“གྲོང་ཁྱེར་གཅིག་དང་རྫོང་ལྔའི”མི་དམངས་སྨན་ཁང་། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་མི་དམངས་སྨན་ཁང་བཅས་ཀྱིས་མཉམ་དུ། ཡུས་ཧྲུའུ་ཁུལ་མངའ་ཁོངས་ཀྱི་ཕྱོགས་བསྡུས་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་མཉམ་འབྲེལ་སྒྲིག་གཞི་དངོས་སུ་བཙུགས་པའི་མཛད་སྒོ་སྤེལ།
རྒྱུས་ལོན་བྱུང་བ་ལྟར་ན། སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་བཙུགས་རྗེས། ལག་རྩལ་སྐོར་གྱི་རྒྱབ་སྐྱོར་དང་འཇོན་མི་གསོ་སྐྱོང་། རྒྱང་བསྟེན་སྨན་བཅོས་སོགས་བྱེད་ཐབས་སྣ་མང་བརྒྱུད་དེ། ཁུལ་རིམ་པའི་སྨན་ཁང་དང་གཞི་རིམ་སྨན་ཁང་བར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་དུས་མཚུངས་སུ། རྒྱང་བསྟེན་སྨན་བཅོས་ལས་སྟེགས་ལ་བརྟེན་ནས། དཀའ་ངལ་ཆེ་ལ་དོགས་གཞི་ཡོད་པའི་ནད་དཔེ་ལ་རྒྱང་བསྟེན་མཉམ་འདོམས་བརྟག་དཔྱད་བྱས་ཏེ། གཞི་རིམ་གྱི་ནད་པས་ནད་སྟོན་པར་རྒྱང་རིང་དུ་འགྲོ་མི་དགོས་པར་ཁུལ་རིམ་པའི་ཆེད་མཁས་པ་ཡི་སྨན་བཅོས་བསམ་འཆར་ཐོབ་ཐུབ་པར་བྱས། དུས་མཚུངས་སུ། སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྱོང་བྱ་རྒྱུ་དེ་ནི། ས་ཁོངས་ཀྱི་སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། སྤྱི་ཡོངས་ཀྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་ཐད་ནས་བཤད་ན་དོན་སྙིང་ཆེན་པོ་ལྡན། ཁོངས་གཏོགས་སྡེག་ཁ་སོ་སོས་མཉམ་ལས་དམ་ཟབ་བྱས་ཏེ། སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་བྱ་བའི་ལས་འགན་ཁག་སོ་སོ་དོན་འཁྱོལ་ནན་མོ་བྱས་ཏེ། གོང་འོག་མཉམ་འགུལ་དང་ལེགས་ཆ་གསབ་རེས། ཐོན་ཁུངས་མཉམ་སྤྱོད་བཅས་ཀྱི་རྣམ་པ་བཟང་པོ་གྲུབ་པར་བྱ་རྒྱུ་རེད།
ད་ཐེངས་ཡུས་ཧྲུའུ་ཁུལ་མངའ་ཁོངས་ཀྱི་ཕྱོགས་བསྡུས་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་མཉམ་འབྲེལ་སྒྲིག་གཞི་དངོས་སུ་བཙུགས་པ་དེས། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་སྔར་ལས་ཆེ་རུ་ཕྱིན་པ་དང་། གཞི་རིམ་མང་ཚོགས་ཀྱི“སྨན་བཅོས་བྱེད་དཀའ་བ་དང་སྨན་བཅོས་རིན་གོང་མཐོ་བའི”གནད་དོན་ཞི་ལྷོད་དུ་གཏོང་ཐུབ་པ་ལས་གཞན། བདེ་ཐང་གི་ཡུས་ཧྲུའུ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིང་ནས། རྒྱ་ཆེའི་མང་ཚོགས་ལ་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་ལས་ཐོབ་པའི་ཕན་བདེ་གང་མགྱོགས་ལོངས་སྤྱོད་ཐུབ་པར་འབད་རྒྱུ་རེད།
བན་དེ་སྐྱབས་ཀྱིས་བསྒྱུར།