ཟླ5པའི་ཚེས29ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་འཕེལ་རྒྱས་འཆར་འགོད་གཞུང་ལས་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ཚོགས་ཀྱི་རེ་ལྟོས་དང་མང་ཚོགས་ཀྱི་བློ་གྲོས། ཆེད་མཁས་པའི་བསམ་འཆར། གཞི་རིམ་གྱི་ཉམས་མྱོང་བཅས་ཞིང་ཆེན་ཡོངས་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོའི་ལས་རིམ་ཁྲོད་གང་ལེགས་སྒོས་མངོན་ཆེད། ཉེ་ལམ། རང་རེའི་ཞིང་ཆེན་གྱིས་རྩ་འཛུགས་བྱས་ཏེ་ངས་མཚོ་སྔོན་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ལ་བསམ་འཆར་འདོན་རྒྱུ་ཡིན་ཞེས་པའི་བྱེད་སྒོ་སྤེལ་ནས། དུས་རབས་ཀྱི་བླང་བྱ་དང་འཚམ་ཞིང་མཚོ་སྔོན་གྱི་དོན་དངོས་དང་མཐུན་པ། མང་ཚོགས་ཀྱི་འདོད་བློ་མཚོན་ཐུབ་པ་བཅས་ཀྱི། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོ་བྱ་རྒྱུ་རེད།
ད་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ཡོངས་འགྲུབ་བྱེད་པའི་ལོ་ཡིན་ལ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་དངོས་སུ་སྒྲིག་བཟོ་བྱེད་པའི་ལོ་ཡང་ཡིན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད”སྒྲིག་བཟོ་དང་ལག་བསྟར་བྱ་རྒྱུ་དེ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་རྩོམ་རྒྱུ་བཅས་ཀྱི་ཐད་ནས་བཤད་ན་དོན་སྙིང་ཆེན་པོ་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོའི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ཟབ་སྤེལ་བྱ་རྒྱུ་དང་། མ་ལག་ཚང་བའི་སྒོ་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། ཚན་རིག་དང་མཐུན་པའི་ཇུས་ཆོད་དང་དམངས་གཙོའི་ཇུས་ཆོད། ཁྲིམས་ལྟར་ཇུས་ཆོད་བཅས་རྒྱུན་འཁྱོངས་བྱས་ནས། རྩེ་རིམ་ཇུས་འགོད་དང་དམངས་ཀྱི་ཆེད་དུ་འདྲི་རྩད་དང་འཆར་གཞི་འཐེན་པ་བཅས་གཅིག་གྱུར་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོ་གང་ལེགས་སྒོས་བཟོ་ཆེད་ད་ཐེངས་ཀྱི་བྱེད་སྒོ་འདི་སྤེལ་བ་རེད།
ད་ཐེངས་ཀྱི་བྱེད་སྒོའི་བསམ་འཆར་བསྡུ་ལེན་ནང་ཏང་འཛུགས་ལས་དོན་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ། དཔལ་འབྱོར་འཕེལ་རྒྱས། ཚན་རྩལ་གསར་གཏོད། མིས་བཟོས་རིག་ནུས། ཐོན་ལས་འཕེལ་རྒྱས། བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བ་སོགས་ཁྱབ་ཁོངས་30འདུས་ཡོད། བསམ་འཆར་བསྡུ་ལེན་བྱེད་སྒོ་ཡག་པོ་སྤེལ་ཆེད། རང་རེའི་ཞིང་ཆེན་གྱི་སྨྱན་བྱད་ཁག་གི་ཁོངས་གཏོགས་སྨྱན་བྱད་གསར་པས་པར་རིས་དང་ཡིག་དེབ། བརྡ་སྦྱོར་སོགས་ཀྱི་རྣམ་པའི་སྒོ་ནས་བྱེད་སྒོའི་འབྲེལ་མཐུད་ཁྱབ་སྒྲོག་བྱ་རྒྱུ་ཡིན་ལ། མཚོ་སྔོན་གསར་འགྱུར་དྲ་བས“ངས་མཚོ་སྔོན་གྱི‘ལོ་ལྔའི་འཆར་འགོད་བཅོ་ལྔ་པའི’འཆར་འགོད་ལ་བསམ་འཆར་འདོན་རྒྱུ”ཞེས་པའི་བསམ་འཆར་བསྡུ་ལེན་གྱི་ཆེད་བསྒྲིགས་ལེ་ཚན་གཉེར་ནས། དྲ་ལམ་ནས་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་ཏེ། རྒྱ་ཆེའི་དྲ་དམངས་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་བསམ་འཆར་རྩ་ཆེན་དང་གྲོས་འགོ་འདོན་རྒྱུར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ་རྒྱུ་ཡིན་ལ། དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཕེལ་རྒྱས་ཀྱི་འཆར་གཞི་མཉམ་དུ་བཟོ་རྒྱུ་རེད།
བན་དེ་སྐྱབས་ཀྱིས་བསྒྱུར།