མཚོ་འཕང་མཐོ་བའི་ས་ཁུལ་གྱི་དམིགས་བསལ་འཕེལ་རྒྱས་ཁོར་ཡུག་ལ་ཁ་གཏད་དེ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གིས་མཛོད་ལྔ་མཉམ་འབྲེལ་གྱི་ལས་གཞི་དོ་དམ་རྐྱེན་སྲོལ་བཙུགས་པ་དང་། ཟླ5པའི་ཚེས27ཉིན་བར། ལས་གཞིའི་དོ་དམ་སྤྱིའི་མཛོད་དུ་གསོག་འཇོག་ལས་གཞི800ལས་བརྒལ་བ་དང་། སྤྱིའི་མ་དངུལ་གཞི་ཁྱོན་སྒོར་ཐེར་ཆེན་དྲུག་ལས་བརྒལ་ཡོད།
“མཛོད་ལྔ་མཉམ་འབྲེལ”གྱི་ལས་གཞིའི་དོ་དམ་རྐྱེན་སྲོལ་ནང་སྐྱེ་ཁམས་སྲུང་སྐྱོབ་དང་། ནུས་ཁུངས་གཙང་མ། ཡུལ་སྐོར་ཐོན་ལས་འཕེལ་རྒྱས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་སོགས་འདུས་ཡོད་ལ། སྤྱིའི་མཛོད་དང་ལག་བསྟར་མཛོད། སྙན་ཞུའི་མཛོད། སྐུལ་འདེད་མཛོད། ཡོངས་འགྲུབ་མཛོད་བཅས་མཐུན་སྦྱོར་འཁོར་སྐྱོད་བྱས་པ་བརྒྱུད། ལས་གཞིའི་ཚེ་སྲོག་འཁོར་ཡུན་ཡོངས་ཀྱི་འགུལ་རྣམ་དོ་དམ་མངོན་འགྱུར་བྱུང་ཡོད། དེར་བརྟེན། རྨ་ཆེན་རྫོང་འཕེལ་རྒྱས་དང་བཅོས་སྒྱུར་ཅུའུ་ཡིས“ཉིན་བཅུའི་ནང་ཡར་ཞུ་དང་ཟླ་རེར་བཀོད་གཏོང་། དུས་ཚིགས་རེར་ཁྱབ་བསྒྲགས་བཅས་ཀྱི་བྱ་བའི་རྐྱེན་སྲོལ་བཙུགས་པ་དང་། རྫོང་རིམ་པས་མགོ་ཁྲིད་ཀྱིས་ལས་གཞི་གལ་ཆེན་གྱི་བྱ་བའི་བཀོད་སྒྲིག་རེའུ་མིག་འགན་གཙང་ལེན་གྱི་འབྲེལ་གཏུག་བྱས་པ་དང་། བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ལས་གཞི་དེ་ཚད་ཡོད་བཟོ་སྐྲུན་དུས་ཡུན་ནང་ཕན་ནུས་ལྡན་པར་སྐུལ་འདེད་གཏོང་རྒྱུའི་ཁག་ཐེག་བྱས། མིག་སྔར། རྨ་ཆེན་རྫོང་གིས་གསར་དུ་ཁ་སྣོན་བྱས་པའི་ལས་གཞི74ལག་བསྟར་བྱས་པ་དང་། མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་ཡིན་ལ། བསྐྱར་སྐྲུན་ལས་གཞི་སྣ42ཡོད་པ་དང་ལས་མགོ་བརྩམས་ཚད56.7%ཡིན། ད་ལོའི་ཟླ1པོ་ནས་ཟླ4བར། གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གསུམ་ས་ཡ་དྲུག་དང་། སྲིད་གཞུང་རིགས་ཀྱི་དངུལ་གཏོང་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ཙམ་ཡོངས་འགྲུབ་བྱས་ཡོད་ལ། དུས་མཉམ་ལས78.8%འཕར་ཡོད།
རྨ་ཆེན་རྫོང་འཕེལ་རྒྱས་དང་བཅོས་སྒྱུར་ཅུའུ་ཡིས་ལོ་འདིའི་ནང་ལས་གཞི་གལ་ཆེན་ལག་བསྟར་བྱས་པ་དང་། ཞིབ་ཚགས་ཀྱི་བྱ་ཐབས་སྤྱད་དེ་ལས་གཞི་རེ་རེ་བཞིན་ཡུལ་དངོས་སུ་སོང་ནས་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། དུས་བཅད་ལྟར་ལས་གཞིར་སྐུལ་འདེད་གཏོང་བའི་ཐད་གནས་པའི་གནད་དོན་ལ་དབྱེ་ཞིབ་དང་ཞིབ་དཔྱད་བྱས་ནས། ནུས་ཤུགས་ཡོད་རྒུས་ལས་གཞི་འཛུགས་སྐྲུན་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་རྒྱུ་རེད།
ཤ་བོ་རིན་མཚོས་བསྒྱུར།