ཟླ4བ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ཚོང་དོན་མ་ལག་གིས་ནན་ཏན་སྒོས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་དུས་ཚིགས་གཉིས་པའི"དུས་ཚོད་དང་འོས་འགན་གཉིས་ཕྱེད་ཙམ་བརྒལ་བའི"བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཏེ། "འགན་འཁྲིའི་ཡི་གེ"དང"འཛུགས་བསྐྲུན་དཔེ་རིས"གཞིར་བཟུང་ནས། འཛད་སྤྱོད་ཀྱི་དུས་རིམ་གལ་ཆེན་དམ་འཛིན་སྒོས། སྤྱི་ཚོགས་འཛད་སྤྱོད་ཀྱི་སིལ་ཚོང་དངུལ་འབོར་འཕར་བར་ཤུགས་རྒྱབ་སྟེ། "རེའུ་མིག་གཅིག་དང་དཔེ་རིས་གཅིག གསལ་ཐོ་གཅིག རྐྱེན་སྲོལ་གཅིག"དོན་འཁྱོལ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་རྣམ་པ་བརྟན་བརླིང་ངང་འཕེལ་རྒྱས་བྱུང་། ཟླ1པོ་ནས་ཟླ4བའི་བར་དུ། ཞིང་ཆེན་ཡོངས་ཀྱི་འཛད་སྤྱོད་སིལ་ཚོང་དངུལ་འབོར་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་དགུ་དུང་ཕྱུར་བཞི་བྱེ་བ་གཉིས་ས་ཡ་གསུམ་མངོན་འགྱུར་བྱས་པ་དང་། ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི1.9འཕར་ཡོད་ལ། དུས་ཚིགས་དང་པོ་དང་བསྡུར་ན་བརྒྱ་ཆའི་གྲངས་གནས1.3འཕར་ཡོད།
བཅད་གྲངས་ཡན་གྱི་སྤྱི་ཚོགས་སིལ་ཚོང་དངུལ་འབོར་ཐེངས་དང་པོར་གོང་དུ་འཕེལ་བ་མངོན་འགྱུར་བྱུང་། ཟླ1པོ་ནས་ཟླ4བའི་བར་དུ། བཅད་གྲངས་ཡན་གྱི་སིལ་ཚོང་དངུལ་འབོར་བརྒྱ་ཆའི1.2འཕར་བ་དང་། འཕར་ཚད་དུས་ཚིགས་དང་པོ་དང་བསྡུར་ན་བརྒྱ་ཆའི་གྲངས་གནས2.7འཕར་ཡོད། 2024ལོ་ནས་བཟུང་ཐེངས་དང་པོར་གོང་འཕེལ་གྱི་རྣམ་པ་མངོན་པ་དང་། སྤྱི་ཚོགས་སིལ་ཚོང་དངུལ་འབོར་བརྒྱ་ཆའི་གྲངས་གནས0.5འཕར་བར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད། ཟླ་རེའི་གཞི་གྲངས་ཀྱང་མུ་མཐུད་དུ་གོང་དུ་འཕེལ་ཡོད། ཟླ4བའི་ནང་། སྤྱི་ཚོགས་སིལ་ཚོང་དངུལ་འབོར་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་གཉིས་བྱེ་བ་བདུན་ས་ཡ་བདུན་མངོན་འགྱུར་བྱས་ཡོད་ལ། ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི6.3འཕར་ཡོད། འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ལས་བརྒྱ་ཆའི་གྲངས་གནས1.2འཕར་ཡོད་ལ། བསྟུན་མར་ཟླ་གཉིས་ལ་བརྒྱ་ཆའི6འཕར་ཡོད། བཅད་གྲངས་ཡན་གྱི་སྡེབ་ཚོང་དང་སིལ་ཚོང་། བཟང་བཏུང་ཁེ་ལས་ཀྱི་སིལ་ཚོང་དངུལ་འབོར་སོ་སོར་བརྒྱ་ཆའི2.6དང་བརྒྱ་ཆའི15། བརྒྱ་ཆའི9.1བཅས་འཕར་ཡོད། གཙོ་གནད་ས་ཁུལ་གྱི་སྤྱི་ཚོགས་སིལ་ཚོང་དངུལ་འབོར་ལའང་རྣམ་པ་བཟང་བོ་མངོན་ཡོད། སྔོན་གྱི་ཟླ་བཞིའི་རིང་ལ། ཟི་ལིང་གི་བཅད་གྲངས་ཡན་གྱི་སྤྱི་ཚོགས་སིལ་ཚོང་དངུལ་འབོར་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི1.7མར་ཆག་ཡོད་ལ། དུས་ཚིགས་དང་པོ་དང་བསྡུར་ན་མར་ཆག་ཚད་བརྒྱ་ཆའི་གྲངས་གནས4.1ཇེ་ཆུང་དུ་སོང་ཡོད། ཁྱོན་ཡོངས་ཀྱི་སྤྱི་ཚོགས་སིལ་ཚོང་དངུལ་འབོར་བརྒྱ་ཆའི1.4འཕར་བ་དང་། དུས་ཚིགས་དང་པོ་དང་བསྡུར་ན་བརྒྱ་ཆའི་གྲངས་གནས1.3འཕར་ཡོད་ལ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་སིལ་ཚོང་དངུལ་འབོར་གྱི་བརྒྱ་ཆའི0.8འཕར་བར་བྱས་ཡོད། མཚོ་ཤར་གྲོང་ཁྱེར་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སོགས་གཙོ་གནད་ས་ཁུལ་གྱི་བཅད་གྲངས་ཡན་གྱི་སྤྱི་ཚོགས་སིལ་ཚོང་དངུལ་འབོར་བསྟུན་མར་ཟླ་ངོ་གཉིས་རིང་གོང་དུ་འཕར་ཡོད་པ་དང་། སོ་སོའི་འཕར་ཚད་བརྒྱ་ཆའི17.7དང་བརྒྱ་ཆའི9.6ཡིན། གཙོ་གནད་ཚོང་ཟོག་སིལ་འཚོང་གི་སྒྲིག་གཞི་མུ་མཐུད་དུ་ལེགས་སྒྱུར་བྱས་ཡོད།
དེ་དང་ཆབས་ཅིག སྔོན་གྱི་ཟླ་བཞིའི་རིང་ཞིང་ཆེན་ཡོངས་ཀྱི་ཚོང་ཟོག་གཙོ་བོ་རིགས་བཅུ་དགུ་ཡི་བཅད་གྲངས་ཡན་གྱི་ཁེ་ལས་ཀྱི་སིལ་འཚོང་དངུལ་འབོར་ལ"7ཡར་འཕར་དང12མར་ཆག"པའི་རྣམ་པ་མངོན་ཡོད་ལ། འཕར་བའི་ཚོང་ཟོག་རིགས་མུ་མཐུད་དུ་ཇེ་མང་ལ་སོང་ཡོད། བཅད་གྲངས་ཡན་གྱི་ཁེ་ལས་ཀྱིས་སྤྱི་སྤྱོད་དྲ་བར་བརྟེན་ནས་སིལ་འཚོང་དངུལ་འབོར་སྒོར་དུང་ཕྱུར་བཞི་དང་བྱེ་བ་གཉིས་ས་ཡ་བརྒྱད་མངོན་འགྱུར་བྱས་ཡོད་ལ། འཕར་ཚད་བརྒྱ་ཆའི89.3ཡིན། བཅད་གྲངས་ཡན་གྱི་ཁེ་ལས་ཀྱིས་རླངས་འཁོར་སིལ་འཚོང་གྲངས་འབོར་བརྒྱ་ཆའི8.4མར་ཆག་ཡོད་ལ། དུས་ཚིགས་དང་པོ་དང་བསྡུར་ན་མར་ཆག་ཚད་བརྒྱ་ཆའི་གྲངས་གནས5.2ཇེ་ཆུང་དུ་སོང་ཡོད་པ་དང་། ཟླ་རེའི་རླངས་འཁོར་སིལ་འཚོང་དངུལ་འབོར་བསྟུན་མར་ཟླ་གཉིས་རིང་གོང་དུ་འཕར་ཡོད། བཅད་གྲངས་ཡན་གྱི་ཁེ་ལས་ཀྱི་རྡོ་སྣུམ་དང་ཐོན་རྫས་རིགས་ཀྱི་ཕྱིར་འཚོང་གི་འདོན་སྤྲོད་ཚད་འཕར་བ་དང་རིན་གོང་ཇེ་དམའ་རུ་སོང་ཡོད་ལ། སིལ་འཚོང་དངུལ་འབོར་བརྒྱ་ཆའི18མར་ཆག་པ་དང་། དུས་ཚིགས་དང་པོ་དང་བསྡུར་ན་མར་ཆག་ཚད་བརྒྱ་ཆའི་གྲངས་གནས2.2ཇེ་ཆུང་དུ་སོང་ཡོད། རླངས་འཁོར་གྱི་རིགས་དང་རྡོ་སྣུམ་སོགས་ཐོན་རྗས་རིགས་ཀྱི་སིལ་འཚོང་དངུལ་འབོར་གྱི་ཟིན་ཚད་ན་ནིང་གི་བརྒྱ་ཆའི73ནས་ད་ལོའི་བརྒྱ་ཆའི62སུ་མར་ཆག་ཡོད་ལ། བཅད་གྲངས་ཡན་གྱི་ཁེ་ལས་ཀྱི་ཚོང་ཟོག་སིལ་འཚོང་རྣམ་པ་མུ་མཐུད་དུ་ལེགས་བསྒྱུར་དང་། ཉེན་ཁའི་འགོག་སྲུང་ནུས་པ་སྟོབས་ལྡན་དུ་བཏང་ཡོད། རྙིང་ཚབ་གསར་བརྗེའི་སྐུལ་འདེད་ནུས་པ་མུ་མཐུད་དུ་ཤུགས་ཆེར་བཏང་ཡོད། ཁ་གསབ་རོགས་སྐྱོར་གྱི་ཁྱབ་ཁོངས་མུ་མཐུད་དུ་རྒྱ་བསྐྱེད་ནས། "དྲུག་བརྩོན"དང་དཔྱིད་གསར་བྱ་འགུལ། "ལྔ་གཅིག"གི་རླངས་འཁོར་འགྲེམ་སྟོན་བྱེད་སྒོ་སོགས་རྩ་འཛུགས་བྱས་ཏེ། འཛད་སྤྱོད་དངོས་རྫས་ཀྱི་རྙིང་ཚབ་གསར་བརྗེའི་སྲིད་ཇུས་ཀྱི་གྲུབ་འབྲས་མུ་མཐུད་དུ་འདོན་སྤེལ་བྱས། ཟླ1པོ་ནས་ཟླ4བའི་བར་དུ། ཞིང་ཆེན་ཡོངས་ཀྱི་བཅད་གྲངས་ཡན་གྱི་ཁེ་ལས་ཀྱིས་རིག་ནུས་སྒྲིག་ཆས་དང་ནུས་ཁུངས་གསར་བའི་རླངས་འཁོར། ཁྱིམ་སྤྱོད་གློག་ཆས། སྒྲ་སྒམ། འཛུགས་སྐྲུན་དང་མཛེས་སྤྲས་རྒྱུ་ཆ་སོགས་ཀྱི་རྙིང་ཚབ་གསར་བརྗེའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས། སིལ་འཚོང་དངུལ་འབོར་ལོ་སྔོན་མ་དང་བསྡུར་ན་སོ་སོར་བརྒྱ་ཆའི200.4དང་། བརྒྱ་ཆའི44.5། བརྒྱ་ཆའི39.6། བརྒྱ་ཆའི9.9བཅས་འཕར་ཡོད།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།