ཟླ5པའི་ཚེས30ཉིན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དང་ཞིང་ཆེནཏང་ཨུའི་སྤྱི་ཚོགས་བྱ་བའི་པུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས“བརྩེ་བའི་ལག་རྡང་སྦྲེལ་ནས་བྱིས་པར་སྲུང་སྐྱོབ་བྱེད”ཅེས་པའི་ཞིབ་དཔྱོད་སྒོ་འབྱེད་ཉིན་མོའི་བྱ་འགུལ་སྤེལ། ཟི་ལིང་གྲོང་ཁྱེར་ལྷོ་ལམ་ཆེན་མོའི་སློབ་ཆུང་དང་ཧུའུ་ཐའེ་སློབ་འབྲིང་གཉིས་ཀྱི་འཐུབ་ཚབ་དགེ་སློབ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཞིང་ཆེན་དམངས་ཆེན་གྱི་འཐུས་མི། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། མི་དམངས་ལྟ་སྐུལ་པའི་འཐུས་ཚབ་པ་སོགས་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དུ་སོང་སྟེ། ཉེ་འགྲམ་ནས་ཞིབ་དཔྱོད་བྱ་བར་མྱོང་རོལ་བྱས།
བྱ་འགུལ་འགོ་བརྩམས་མ་ཐག སློབ་གྲོགས་ཚོས་ཐོག་མར་ཞུ་གཏུག་དག་ཞུའི་ཚོམས་ཆེན་དང་ནག་འཇོམས་ངན་སེལ་གྱི་ཨང་ཀིའི་ལྟ་སྐུལ་དཔེ་དབྱིབས་ལ་ལྟ་ཞིབ་བྱས་ནས། ཞིབ་དཔྱོད་ལས་ཁུངས་ཀྱི་བྱ་བའི་གོ་རིམ་དང་ཚན་རྩལ་ནུས་པའི་འོག་གི་ལྟ་སྐུལ་གྲུབ་འབྲས་ལ་ཐད་ཀར་རོལ་མྱོང་བྱས། སྨྱན་སྦྱོར་ལྟེ་གནས་སུ“ཞིབ་དཔྱོད་དཔོན་ཆུང་བའི”ལས་གནས་ལ་རོལ་མྱོང་བྱེད་པའི་བྱ་འགུལ་སྤེལ་ནས། སློབ་གྲོགས་རྣམས་དཔེ་མཚོན་རང་བཞིན་གྱི་གྱོད་གཞིའི་ཁྱབ་བསྒྲགས་དང་ཁྲིམས་སྐྱོང་སྒྲོག་འགྲེལ་ལ་ཞུགས་ཏེ། ལག་ལེན་ཁྲོད་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་བཏང་། “ཁྲིམས་ལུགས་ཀྱི་འགག་སྒྲོལ་ཆེན་མོ”ཞེས་པའི་རོལ་རྩེད་ནི་ཧ་ཅང་སྤྲོ་སྣང་ལྡན་པ་ཞིག་ཡིན་ལ། ཁྲིམས་སྐྱོང་སློབ་གསོ་དང་སྤྲོ་སྣང་ལྡན་པའི་རོལ་རྩེད་གཉིས་གཏིང་ཟབ་པའི་ངང་མཉམ་འདྲེས་བྱས་ཡོད་པར་མ་ཟད། རྩེད་ཞོར་དགོད་ཞོར་དུ་སློབ་གྲོགས་རྣམས་ཀྱི་ཁྲིམས་ལུགས་འདུ་ཇེ་དྲག་ཏུ་བཏང་ཡོད།
བྱ་འགུལ་གྱི་ནང་དུ་གཞན་ད་དུང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དང་ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་བྱ་བའི་པུའུ། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། གུང་གཞོན་ཚོགས་པའ་ཞིང་ཆེན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་དུ་དཔེ་མཚོན་རང་བཞིན་གྱི་གྱོད་གཞི་སྤེལ་ཏེ། ནར་མ་སོན་པའི་མིའི་སྲུང་སྐྱོབ་བྱ་བར་དཔྱད་གཞི་འདོན་སྤྲོད་བྱས་ཡོད། མཚོ་ཤར་གྲོང་ཁྱེར་ཞིབ་དཔྱོད་ཁང་གི་ཁྲིམས་སྐྱོང་ནང་དོན་ཅན་གྱི་ཟློས་གར་ནི་བྱ་འགུལ་གྱི་མཐོ་རླབས་ཡིན་ལ། ཟློས་གར་གྱི་ནང་དུ་ནར་མ་སོན་པའི་མིའི་ཁྲིམས་ལུགས་ཀྱི་གནད་དོན་གསོན་ཉམས་ལྡན་པའི་ངང་མངོན་ཡོད། ཚོགས་ར་ཡོངས་ཀྱིས་ནར་མ་སོན་པའི་མིའི་ཞིབ་དཔྱོད་གླུ་དབྱངས《གཅེས་སུ་རུང་བའི་ཁྱོད》ཞེས་པའི་མཉམ་ལེན་ཁྲོད་བྱ་འགུལ་བདེ་ལེགས་ངང་མཇུག་སྒྲིལ།
ཉེ་བའི་ལོ་འདི་འགའི་རིང་། ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཚོགས་བྱ་བའི་པུའུ་དང་། མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་། སྤྱི་བདེ་ལས་ཁུངས། མི་དམངས་ཁྲིམས་ཁང་། སློབ་གསོའི་ལས་ཁུངས། དམངས་སྲིད་ལས་ཁུངས། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས། གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་། བུད་མེད་མཉམ་འབྲེལ་ལྷན་ཚོགས། བུད་མེད་དང་བྱིས་པའི་བྱ་བའི་ཨུ་ཡོན་ལྷན་ཁང་སོགས་ཀྱི་སྡེ་ཁག་དང་མཉམ་འབྲེལ་སྒོས། ཏང་འཛུགས་སློབ་ཐུན་དང་ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་ས་ཚིགས། ལྟ་སྐྱོང་རྟེན་གཞི། དྲ་ལམ་སློབ་ཁྲིད། བཙན་ཤེད་སྙན་ཞུའི་མ་ལག་སོགས་གཞི་གཅིག་དུ་བསྡུས་པའི་མཚོ་སྔོན་ཞིང་ཆེན“བྱིས་པའི་སྲུང་སྐྱོབ”ཀྱི་ཟུང་རྟགས་བསྐྲུན་ཏེ། སྤྱི་ཚོགས་ཧྲིལ་བོའི་སྟོབས་ཤུགས་ཕྱོགས་གཅིག་ཏུ་བསྡུས་ནས་རྒྱ་ཆེ་བའི་ནར་མ་སོན་པའི་མིར་སྲུང་སྐྱོབ་བྱས། ཐེངས་འདིའི་ཞིབ་བཤེར་སྒོ་འབྱེད་ཉིན་མོའི་བྱ་འགུལ་སྤེལ་བ་ལ་བརྟེན་ནས། ཞིབ་དཔྱོད་ལས་ཁུངས་དང་སྤྱི་ཚོགས་ལས་སྒྲུབ་པུའུ་ཡི་འགན་ནུས་ལེགས་ཆ་འདོན་སྤེལ་བྱས་ཏེ། ནར་མ་སོན་པའི་མིའི་ཆེད་དོན་སྤྱི་ཚོགས་ལས་སྒྲུབ་ལས་ཁུངས་འཛུགས་སྐྲུན་དང་། ནར་མ་སོན་པའི་མིའི་དང་བླངས་ཞབས་ཞུ་ཟབ་སྤེལ་བྱེད་པ། ནར་མ་སོན་པའི་མིའི་ལངས་གཟུགས་ཞབས་ཞུའི་མ་ལག་འཛུགས་སྐྲུན་དང་བཀོད་སྤྱོད་བྱས་ནས། ཚགས་དམ་པའི་བྱིས་པའི་གཅེས་སྐྱོང་དང་སྲུང་སྐྱོབ་དྲ་རྒྱ་བཟོས་ཡོད།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།