གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་རྒྱུས་ལོན་པ་ལྟར་ན། ལྔ་པའི་བ་བཞིའི་གུང་གསེང་གི་ཉིན་དང་པོར་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣའི་འཁོར་རྒྱུག་བྱེད་ཚད་མི་ཐེངས་དུང་ཕྱུར་གཉིས་བྱེ་བ་གཉིས་ས་ཡ་དགུ་ལས་བརྒལ་ནས་ན་ནིང་གི་ལྔ་པའི་བ་བཞིའི་གུང་གསེང་གི་ཉིན་དང་པོ་ལས་བརྒྱ་ཆའི10.2%འཕར་ཡོད།
ད་ལོའི་ལྔ་པའི་བ་བཞིའི་གུང་གསེང་ནི་དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་དང་དུས་གཅིག་ཏུ་འཁེལ་ནས། དུས་ཆེན་ཉིས་བརྩེགས་ཀྱི་རྐྱེན་གྱིས་འགྲུལ་པ་ཆེས་ཆེར་ཇེ་མང་དུ་གྱུར། ཚེས་སོ་གཅིག་ཉིན། སྔོན་དཔག་ལྟར་ན་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་བྱེ་བ་གཅིག་ས་ཡ་བདུན་འབུམ་བརྒྱད་སྐྱེལ་འདྲེན་བྱ་རྒྱུ་ཡིན་པས། མེ་འཁོར་ཆིག་སྟོང་ཉེར་དགུ་ཁ་བསྣན་པ་དང་འགྲོ་འོང་མང་བའི་ས་གནས་བར་དང་དུས་མཚམས་བར་ལ་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་དང་མཚན་མོའི་མྱུར་བགྲོད་མེ་འཁོར་སྔར་ལས་མང་བ་བཀོད་སྒྲིག་བྱས།
གཞུང་ལམ་ཐད། སྔོན་དཔག་ལྟར་ན་ས་ཁོངས་ལས་བརྒལ་བའི་མི་སྣའི་འཁོར་རྒྱུག་བྱེད་ཚད་མི་ཐེངས་དུང་ཕྱུར་གཉིས་ས་ཡ་དགུ་ལས་བརྒལ་ནས་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི10.9%འཕར་ཡོད། གྲོང་ཁྱེར་མཐའ་འཁོར་གྱི་ཡུལ་སྐོར་དང་། གྲོང་གསེབ་ཟབ་ཞུགས་ཡུལ་སྐོར་བྱེད་ཚད་ཆེས་མང་བར་གྱུར། ས་གནས་སོ་སོའི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་ཡུལ་སྐོར་བ་མང་བའི་ལྗོངས་ཁུལ་གྱི་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཐད་ཀར་ལྗོངས་ཁུལ་དུ་སྐྱོད་པའི་སྤྱི་སྤྱོད་རླངས་འཁོར་གྱི་གཏོང་ཐེངས་ཇེ་མང་དུ་བཏང་བ་དང་། ལམ་ཐིག་རང་བཟོ་འགྲུལ་སྐྱེལ་གྱི་ཞབས་ཞུ་འདོན་སྤྲོད་བྱས། དེ་དང་ཆབས་ཅིག གནམ་གཤིས་སྡེ་ཁག་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་བསྣན་ཏེ་ཡུལ་སྐོར་བ་རྣམས་ཕྱིར་སྐྱོད་ཐོགས་མེད་ཡོང་བར་འགན་སྲུང་བྱས།
ཚེས་སོ་གཅིག་ཉིན། སྔོན་དཔག་ལྟར་ན་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ས་ཡ་གཅིག་འབུམ་དགུ་ཁྲི་ལྔ་ལ་སླེབས་རྒྱུ་ཡིན་པས། མཁའ་འགྲུལ་ཀུང་ཟི་མང་པོ་ཞིག་གིས་འགྲུལ་བ་འགྲོ་འོང་མང་བའི་མཁའ་ལམ་གཙོ་བོར་སྐྱེལ་འདྲེན་སྟོབས་ཤུགས་ཆེ་རུ་བཏང་།