ཟླ5པའི་ཚེས28ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་སྤེལ་བའི་མཚོ་སྔོན་ཞིང་ཆེན་གྱི་བདེ་ཐང་གྲོང་གསེབ་འཛུགས་སྐྲུན་གནས་ཚུལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་ཁམས་གསོའི་ཐོན་ལས་འཕེལ་རྒྱས་ལ་གདེང་འཇོག་ཚད་མཐོན་པོ་བྱས་ཏེ། སྲིད་ཇུས་བྱེད་ཐབས་བཏོན་པ་དང་། མཐོ་སྒང་གི་ཁམས་གསོ་དེ་གནས་བཞི་འཛུགས་སྐྲུན་ཁྲོད་འཇོག་པ་གསལ་བོ་བཏོན་ཡོད་ལ། མཐོ་སྒང་གི་ཁམས་གསོ་གཙོ་ བྱས་ནས་སྐྱེ་ཁམས་ཀྱི་ཡུལ་སྐོར་རིན་ཐང་ཕྲེང་འབྲེལ་རྒྱ་སྐྱེད་པ་དང་། “སྨན་བཅོས་དང་། ཁམས་གསོ། ཞིབ་འཇུག ལུས་སྦྱོང་། ཡུལ་སྐོར་བཅས་ཀྱི་སྣ་མང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། མཐོ་སྒང་གི་སྐྱེ་ཁམས་ཀྱི་ལུས་གསོས་ཡུལ་སྐོར་ལས་གཞི་བསྐྲུན་པ། ཁྱད་ལྡན་ཐོན་ལས་དང་སྐྱེ་ཁམས་ཐོན་རྫས། ཁམས་གསོས་ཡུལ་སྐོར་བར་སྐྱེ་ལྡན་གྱི་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། མཐོ་སྒང་གི་སྐྱེ་ཁམས་ཀྱི་ལུས་གསོས་ཡུལ་སྐོར་ཟོང་རྟགས་སྐྱེད་སྲིང་བྱས་ཏེ། མགྱོགས་མྱུར་སྒོས“བདེ་ཐང་གི་ཀྲུང་གོ”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།
རྒྱུས་ལོན་པ་ལྟར་ན། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་སོགས་སུ་མཐོ་སྒང་གི་ཁམས་གསོའི་རྟེན་གཞི་བཙུགས་པ་དང་། མཐོ་སྒང་གི་རང་བྱུང་མཛེས་ལྗོངས་དང་གྲང་ངར་ཆེ་བའི་ནམ་ཟླ། སྣ་མང་རིག་གནས་བཅས་དང་ཟུང་འབྲེལ་བྱས་ནས། ཡུལ་སྐོར་བ་ཚོར་ཐུན་མོང་མ་ཡིན་པའི་ཁམས་གསོས་ཉམས་ལེན་འདོན་སྤྲོད་བྱས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་མཐོ་སྒང་གི་ཁམས་གསོས་ཐོན་ལས་ཀྱི་ཐོག་མའི་རྣམ་པ་ཞིག་ཆགས་ཡོད། མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་མཐོ་སྒང་གི་ནམ་ཟླ་དང་། གཟུགས་འདས་ཤུལ་བཞག་རིག་གནས། ཞིམ་ཟས་རིག་གནས། བོད་སྨན་སྨན་ལུམས་སོགས་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ཀྱིས་ཁམས་གསོས་གུང་གསེང་དེ་ཡུལ་སྐོར་འཛད་སྤྱོད་ཀྱི་ཁ་ཕྱོགས་གསར་པ་ཞིག་ཏུ་གྱུར་ཡོད། མཉམ་འདུས་རྣམ་པའི་ལུས་གསོས་ཡུལ་སྐོར་ཐོན་རྫས་དེ་དག་གིས་ཡུལ་སྐོར་བས་བདེ་ཐང་རེ་སྙེག་གི་དགོས་མཁོ་སྐོང་ཐུབ་པ་མ་ཟད། མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་མི་རིགས་ཀྱི་རིག་གནས་ཀྱང་མྱོང་ཚོར་ཐུབ་པས། ཁྲོམ་རའི་འཕེལ་རྒྱས་ཀྱི་སྦས་ཤུགས་ཆེན་པོ་ལྡན།
མཚོ་སྔོན་གྱིས་རིག་གནས་ཀྱི་རྨང་གཞི་གཏིང་ཟབ་དང་ཐོན་ཁུངས་ཕུན་སུམ་ཚོགས་པའི་ལེགས་ཆ་འདོན་སྤེལ་བྱས་ཏེ། རིག་གནས་ཡུལ་སྐོར་དང་ཁམས་གསོ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་།ཐོན་ལས་རྣམ་པ་དང་ཐོན་རྫས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། མཛེས་ལྗོངས་ཁུལ་གྱི་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ། རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། མཐོ་སྒང་གི་བདེ་ཐང་ཁམས་གསོའི་ཐོན་ལས་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་ཆེར་གཏོང་བ། མི་དམངས་མང་ཚོགས་ཀྱི་རིམ་པ་མང་ཞིང་སྣ་མང་ཅན་གྱི་ཞབས་ཞུའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བ། དེ་དང་ཆབས་ཅིག སྐྱེ་ཁམས་ཡུལ་སྐོར་དང་མཐོ་སྒང་གི་བདེ་ཐང་ཁམས་གསོ་ཕན་ཚུན་མཉམ་འདྲེས་དང་ཐུན་མོང་སྐུལ་འདེད་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས། མཐོ་སྒང་གི་བདེ་ཐང་ཁམས་གསོའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས།
མཚོ་སྔོན་ཞིང་ཆེན་གྱིས་མཐོ་སྒང་གི་བདེ་ཐང་ཁམས་གསོའི་ཡུལ་སྐོར་ཐོན་ལས་དེ་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་ནང་བཅུག་ནས། རྩེ་རིམ་ཇུས་འགོད་དང་འཐབ་ཇུས་འཆར་འགོད་ལ་ཤུགས་བསྣན་ནས་བདེ་ཐང་ཁམས་གསོ་ཐོན་ལས་དང་དེ་མིན་བདེ་ཐང་གསོ་སྐྱོང་ཡུལ་སྐོར་སྔར་ལས་འཕེལ་རྒྱས་འགྲོ་རྒྱུར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ཡོད། ས་གནས་སོ་སོའི་རང་བྱུང་མཛེས་ལྗོངས་དང་། སྐྱེ་ཁམས་ཁོར་ཡུག དམངས་སྲོལ་རིག་གནས་བཅས་སྤྱད་དེ་གྲོང་གསེབ་ཀྱི་བདེ་ཐང་ཁམས་གསོ་ཡུལ་སྐོར་ལས་གཞི་གསར་སྤེལ་བྱས་ཏེ། “བཟའ་སྡོད། འགྲུལ་སྐྱོད། ཉོ་འཚོང་།རོལ་རྩེད། ཁམས་གསོ། ཞིབ་འཇུག”བཅས་ཀྱི་རྒྱུ་རྐྱེན་གཙོ་བོའི་མ་ལག་ཐོག་ནས་མཐོ་སྒང་གི་་བདེ་ཐང་ཁམས་གསོ་ཐོན་རྫས་གསར་དུ་གཏོད་དགོས། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ཁྲིད་སྟོན་མ་དངུལ་དང་རིག་གནས་ཡུལ་སྐོར་འཛད་སྤྱོད་འཛིན་ཤོག་སོགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། “བདེ་ཐང་གསོ་བཅོས་དང་ཡུལ་སྐོར”ཐོན་ལས་མཉམ་འདྲེས་དང་ཕན་ཚུན་སྐུལ་འདེད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། མཐོ་སྒང་གི་བདེ་ཐང་ཁམས་གསོའི་ཟོང་རྟགས་ཁྱབ་གདལ་གཏོང་རྒྱུར་ཤུགས་བསྣན་ཏེ། “མཛེས་སྡུག་གི་མཚོ་སྔོན”“རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི”ཟོང་རྟགས་ཀྱི་ཤུགས་རྐྱེན་མུ་མཐུད་རྒྱ་སྐྱེད་དེ། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོར་མཚོ་སྔོན་དེ་བདེ་ཐང་ཁམས་གསོའི་གནས་མཆོག་ཅིག་ཏུ་གདམས་ཀ་བྱེད་དུ་འཇུག་དགོས།
ཤ་བོ་རིན་མཚོ་དང་སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།