མཚོ་སྔོན་གྱི་སྐྱེ་ཁམས་ཞིབ་སློབ་གྲུབ་འབྲས་པེ་ཅིང་གི་ཞིབ་སློབ་འོས་སྦྱོར་ཚོགས་འདུའི་སྟེང་མངོན།
2025.06.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས30ཉིན། པེ་ཅིང་གྲོང་ཁྱེར་སློབ་གསོ་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་པའི། “མཉམ་འདྲེས་ལུགས་རྒྱག་རྣམ་པའི”ཞིབ་འཇུག་སློབ་སྦྱོང་ལག་ལེན་བྱེད་སྒོའི་ངོ་སྤྲོད་ཚོགས་འདུ་པེ་ཅིང་བཟོ་ལས་སློབ་ཆེན་དུ་འཚོགས། ནང་སོག་དང་མཚོ་སྔོན། བོད་ལྗོངས། ཞིན་ཅང་སོགས་ས་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་དང་སྡེ་ཁག་མཉམ་དུ་འཛོམས་ནས། རང་སོ་སོའི་ཁྱད་སྟོབས་ཅན་གྱི་ཞིབ་འཇུག་སློབ་སྦྱོང་ཐོན་ཁུངས་བརྗེ་རེས་དང་འགྲེམས་སྟོན་བྱས། མཚོ་སྔོན་ཞིང་ཆེན་གྱིས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིབ་འཇུག་སློབ་སྦྱོང་ཐོན་ཁུངས་དང་བྱེད་སྒོའི་ལག་ལེན་གྱི་གྲུབ་འབྲས་ལ་བརྟེན་ནས། མཚོ་སྔོན་གྱི་དམིགས་བསལ་ཡིན་གནས་བབ་གལ་ཆེན་ཟིན་ཡོད་པའི་སྐྱེ་ཁམས་ཀྱི་རིན་ཐང་ཕྱོགས་ཡོངས་ནས་མངོན་པར་བསྟན་པ་དང་། ས་ཁུལ་བར་གྱི་སྐྱེ་ཁམས་དཔལ་ཡོན་སློབ་གསོ་བརྗེ་རེས་དང་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་་སྐུལ་འདེད་ཆེན་པོ་བཏང་།

འོས་སྦྱོར་ཚོགས་འདུའི་སྟེང་ཆེད་དོན་གཏམ་བཤད་དང་འགྲེམས་སྟེགས་དྲིལ་སྒྲོག་སོགས་ཀྱི་རྣམ་པ་བརྒྱུད་དེ། མཚོ་སྔོན་གྱིས་རང་བྱུང་སྐྱེ་ཁམས་དང་ལོ་རྒྱུས་རིག་གནས། དམངས་སྲོལ་གོམས་གཤིས་བཅས་བརྗོད་དོན་ཡིན་པའི་ ཞིབ་འཇུག་སློབ་སྦྱོང་གི་ལམ་ཐིག་དང་སློབ་ཚན་མ་ལག་ཚང་བའི་སྒོ་ནས་ངོ་སྤྲོད་བྱས། མདོ་ལ་རི་བོ་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་འདེམ་སྒུག་ཁུལ་གྱི་སྐྱེ་ཁམས་ཞིབ་འཇུག་དང་སློབ་སྦྱོང་ལམ་ཐིག་གཙོ་གནད་དུ་བཟུང་ནས་ངོ་སྤྲོད་བྱས་པ་དང་། མཚོ་བོད་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་མ་ལག་དང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཐོན་ཁུངས་ལ་རྐང་ཚུགས་པར་བྱས་ཏེ། མང་ཚོགས་ཀྱི་བསམ་ཕྱོགས་ཅི་རིགས་ལ་བསམ་ཞིབ་ནན་མོ་བཏང་ནས་སློབ་ཚན་སྣ་ཚོགས་གསར་སྤེལ་བྱས། དེའི་ནང་ཞུགས་མཁན་གྱིས་སྐྱེ་ཁམས་ཆེད་ལས་ཡིན་པའི་སློབ་དཔོན་གྱི་སྣེ་ཁྲིད་འོག་ཏུ། ཡུལ་དངོས་ཀྱི་ལྟ་ཞིབ་ཚད་ལེན་དང་པར་ཆས་ཀྱི་གཞི་གྲངས་འགྲེལ་བཤད་སོགས་ཀྱི་བྱེད་ཐབས་སྤྱད་དེ། སྐྱེ་དངོས་རིགས་ཀྱི་འཚོ་གནས་ཁོར་ཡུག་ཤེས་རྟོགས་དང་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ལ་ཉམས་ལེན་བྱས་ནས། སློབ་མའི་སྐྱེ་ཁམས་འགན་འཁྲིའི་འདུ་ཤེས་གསོ་སྐྱོང་བྱེད་ཐུབ།

བན་དེ་སྐྱབས་ཀྱིས་བསྒྱུར།