“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ། ས་གནས་ས་སོས་སྣ་མང་ཕུན་སུམ་ཚོགས་པའི་བྱ་འགུལ་སྤེལ་ནས་ལོ་ཆུང་བྱིས་པ་རྣམས་སྤྲོ་སྣང་ལྡན་པའི་དུས་ཆེན་ལ་རོལ་ཏུ་བཅུག
ཧི་ནན་ཀྲིན་ཀྲོའུ་ཡི་སྤྱི་གླིང་མང་པོ་ནས། བྱིས་པ་ཚོ་གཅེས་པར་འོས་པའི་སྲོག་ཆགས་དང་འབྲེལ་འདྲིས་དམ་པོ་བྱེད་ཅིང་། ཁྱིམ་བདག་གིས་བྱིས་པ་ཁྲིད་ནས་བྱེ་ཁུག་གཡུག་པ་དང་ལྕགས་འཁོར་འདེད་པ་བརྒྱུད་མཉམ་དུ་སྤྲོ་སྐྱིད་ཀྱི་དུས་ཆེན་རོལ། ཧུའུ་ནན་ཁྲང་ཧྲ་རུ། གྲོགས་པོ་ཆུང་ཆུང་ཚོ“སྐམ་སའི་འབྲུག་གྲུའི”བཟོ་སྐྲུན་ལ་ཞུགས་ནས་དགའ་སྤྲོའི་ངང་འགྲན་སྡུར་གྱི་འགོ་ཚུགས། དེ་ལྟར་གསར་གཏོད་དང་ཞུགས་ཚོར་གྱིས་ཁེངས་པའི་བྱེད་སྒོར་ཞུགས་པ་བརྒྱུད། བྱིས་པ་ཚོར་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་རྒྱུས་ལོན་ཡོད་པར་བྱས།
ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་རྫོང་ལིའུ་དབྱི་ཐེན་ཅའོ་བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་ཐང་རུའེ་ཅང་གིས་བཤད་རྒྱུར། ང་ནི་དེད་དཔོན་ཡིན་པས་ཁ་ཕྱོགས་ཚོད་འཛིན་བྱེད་དགོས། ཁོ་ཚོ་ནི་གྲུ་བ་ཡིན། ཤེད་ཤུགས་ཆེ་བས་ཁོ་ནི་རྔ་རྡུང་མཁན་ཞིག་ཡིན་པས་རྔ་རྡུང་ན་ཧ་ཅང་བཟང་ཟེར།
ཡུན་ནན་ཆུས་ཅིང་དུ་འབྲས་མྱུག་འཛུགས་པའི་ལག་ལེན་སློབ་ཚན་ཞིག་སྤེལ། སློབ་ཆུང་སློབ་མ་ཚོར་གྲོང་འདབས་ཀྱི་ཞིང་ནང་དུ་འབྲུ་རིགས་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་ཤེས་བཅུག ཞིན་ཅང་ཁྲང་ཅི་རུ་སློབ་མ་རྣམས་གྲོའི་རྟེན་རྫས་བཤམས་མཛོད་ཁང་དུ་སོང་ནས། གྲོ་རྡོག་གཅིག་འདེབས་པ་ནས་ལོ་ལེགས་བྱུང་བའི་བར་གྱི་བརྒྱུད་རིམ་ལ་རྒྱུས་ལོན་བྱས་ཏེ། རང་གིས་དངོས་སུ་རྡོ་འཐག་དེད་ནས། ཞིབ་འཇུག་སློབ་སྦྱོང་གི་བར་སྐབས་ནས་ཞིང་ལས་ཀྱི་ཤེས་བྱ་སྔར་ལས་མང་པོ་ཐོབ་པར་བྱས།
རྒྱལ་ཡོངས་ལོ་ཆུང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གིས་ད་དུང“ཏང་གི་མཛུབ་ཁྲིད་བློ་ལ་བརྟན་པོར་ངེས་ནས་རྒྱལ་ཁབ་སྟོབས་ཆེའི་གཞོན་ནུ་ཞིག་བྱེད་རྒྱུའི”བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་སྤེལ། ཧེ་ལུང་ཅང་དང་ཀྲེ་ཅང་། ཐེན་ཅིན། ཧྲིན་ཀྲིན་སོགས་ས་ཁུལ་དུ། རུ་གྲལ་དུ་ཞུགས་པའི་མཛད་སྒོ་སྤེལ་བ་དང་། གསར་བརྗེའི་སློབ་གསོའི་རྟེན་གཞི་འཚོལ་བ། ཚན་རྩལ་ཁང་དང་དངོས་མང་བཤམས་སྟོན་ཁང་སོགས་ཀྱི་ལག་ལེན་བྱེད་སྒོར་ལྟ་སྐོར་བྱས་པ་བརྒྱུད། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ཏེ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད།
ཐེན་ཅིན་གྲོང་ཁྱེར་ཧོ་ཕིང་ཆུས་གཡོད་དབྱང་ཏའོ་སློབ་ཆུང་གི་སློབ་མ་སུན་ལིན་ཞིས་ཀྱིས་བཤད་རྒྱུར། དེ་རིང་ངས་མིས་བཟོས་རིག་ནུས་དང་མཁའ་འགྲུལ་མཁའ་སྐྱོད་སྐོར་གྱི་ཤེས་བྱ་མང་པོ་ཞིག་ཤེས་བྱུང་། ང་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་རྙིང་པ་ཞིག་གི་ངོས་ནས་རུ་མི་གསར་པ་དང་མཉམ་དུ་མེས་རྒྱལ་གྱི་ཆེད་དུ་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
ཀྲུང་གོའི་སུང་ཆིང་ལིང་ཐེབས་རྩ་ཚོགས་པས“ང་དང་མེས་རྒྱལ་མཉམ་དུ་འཚར་ལོངས་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་འཁྲབ་སྟོན་བྱས། རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་ལོ་ཆུང་བྱིས་པ་ཆིག་སྟོང་ལྷག་ཡོད། ཁོ་ཚོས་མཉམ་གཞས་གྱེར་འདོན་དང་། ཟློས་གར་ཞབས་བྲོ། རོལ་དབྱངས་དཀྲོལ་གཏོང་། དྲག་རྩལ་སོགས་ཀྱི་རྣམ་པ་བརྒྱུད་དེ། དུས་རབས་གསར་པའི་ལོ་ཆུང་བྱིས་པའི་བསམ་པའི་ཉམས་འགྱུར་མངོན་པར་བྱས།
“དྲུག་གཅིག”བྱིས་པའི་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། དམག་ཡོངས་ཀྱི་དམག་དཔུང་སོ་སོས་ཚོན་མདངས་རྣམ་པར་བཀྲ་བའི་དམག་སྒར་གྱི་སྒོ་འབྱེད་ཉིན་མོའི་བྱེད་སྒོ་སྤེལ། བྱིས་པ་ཚོས་དུས་ཆེན་དགའ་གཏོང་བྱེད་པ་དང་ཆབས་ཅིག་ནང་སེམས་སུ་རྒྱལ་ཁབ་ལ་དགའ་ཞེན་དང་དྲིན་ལན་འཇལ་བའི་ས་བོན་བཏབ་ཡོད།