ཟླ6པའི་ཚེས1ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཉེ་ལམ། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཕིན་ཁྲིན་ཞིང་ལས་ཚོང་རར“ཁྲིམས་སྐྱོང་གི་སྲུང་སྐྱེལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དངུལ་ཁང་དང་ཁེ་ལས་སྦྲེལ་མཐུད་དང་དཀའ་གནད་སེལ་བའི”དམངས་དོན་ཁྲིམས་གཞུང་ཁེ་ལས་སུ་བསྐྱོད་པའི་བྱ་འགུལ་སྤེལ་བ་དང་། ཚོང་གཉེར་བྱེད་པོ50ལྷག་ཙམ་བྱ་འགུལ་ནང་ཞུགས་ལ། “བཅའ་ཁྲིམས་དང་དངུལ་རྩའི”ལམ་ཐིག་གཉིས་ཀྱི་ཞབས་ཞུའི་རྣམ་པ་དེས་དངོས་གནས་ཁེ་ལས་ཀྱི་དཀའ་ངལ་སེལ་བ་དང་རོགས་ཤུགས་བཏོན།
བྱ་འགུལ་ཁྲོད། གཞུང་ཞབས་ཁྲིམས་རྩོད་པས་ཁེ་ལས་གཉེར་སྐྱོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། 《དམངས་དོན་ཁྲིམས་གཞུང་གི་གན་རྒྱ་རྩོམ་སྒྲིག་གི་ཁེ་ལས་ཀྱི་གན་རྒྱའི་ཉེན་ཁ་འགོག་ཟོན་དང་ལས་དོན་མཛུབ་ཁྲིད》ལ་དམིགས་ནས་དྲིལ་བསྒྲགས་བྱས་པ་དང་། དཔེ་མཚོན་གྱོད་དཔེ་ལ་བརྟེན་ནས་གན་རྒྱ་འཇོག་པ་དང་། ནུས་པ་འདོན་པ། ལག་བསྟར་བྱེད་པ། དབང་ཆ་དང་འོས་འགན། ཆིངས་ཡིག་དང་འགལ་བའི་འགན་འཁྲི་སོགས་ཐད་ཀྱི་ནང་དོན་ལ་གཏིང་ཟབ་ཅིང་སྟབས་བདེའི་ངང་འགྲེལ་བཤད་བྱས། དེ་དང་ཆབས་ཅིག ཁེ་ལས་ཀྱི་གན་རྒྱ་དང་། སྒྲིག་སྲོལ་ལམ་ལུགས། ལས་སྒོའི་བརྒྱུད་རིམ་དང་ཁྲིམས་ལུགས་ཁྲིམས་སྲོལ་ལས་རིགས་སོགས་ཀྱི་ཐད་ནས་ཁྲིམས་སྐྱོང་བརྟག་དཔྱད་བྱས་པ་དང་། ཁེ་ལས་འཁོར་རྒྱུག་གི་ཁྲོད་རྒྱུན་དུ་འཕྲད་པའི་བཅའ་ཁྲིམས་རྩོད་གླེང་དཀའ་གནད་ལ་དམིགས་ནས། ཁྲིམས་མཐུན་རང་བཞིན་གྱི་གྲོས་འཆར་འདོན་པ་དང་། ཁེ་ལས་ཀྱི་ཉེན་ཁའི་བཅའ་ཁྲིམས་ནུས་པ་ཆེ་རུ་གཏོང་རྒྱུར་འགོག་ཟོན་ནུས་པའི་ཆེད་ལས་མཛུབ་ཁྲིད་འདོན་སྤྲོད་བྱས།
དངུལ་ཁང་བྱ་བའི་མི་སྣས་ཀུན་ཕན་དངུལ་རྩའི་སྲིད་ཇུས་དང་ཁྱད་ལྡན་དངུལ་རྩའི་ཐོན་རྫས་ལ་དམིགས་ནས་གསལ་འགྲེལ་ཞིབ་ཕྲ་བྱས་པ་དང་། དངུལ་བུན་གྲངས་བཅད་དང་། གཟིགས་སྐྱོང་སྐྱེད་ཀ དངུལ་བུན་འཇལ་ཐབས་ནས་རེ་ཞུའི་ཆ་རྐྱེན་དང་ཞིབ་མཆན་བརྒྱུད་རིམ་བཅས་ཚང་མར་ཕྱོགས་ཡོངས་ནས་འགྲེལ་བཤད་བྱས་པ་དང་། མི་སྒེར་དང་ཁེ་ལས་ཀྱིས་དངུལ་རྩའི་ཐོན་རྫས་ཀྱི་ཞིབ་ཕྲའི་གནས་ཚུལ་རྒྱུས་ལོན་ཟབ་མོ་བྱེད་པར་རོགས་རམ་བྱས་པ་དང་། མ་དངུལ་བསྡུ་སྒྲིག་གི་རྒྱུན་མཐོང་གནད་དོན་ལ་དམིགས་ནས་ཡུལ་དངོས་སུ་དོགས་འདྲི་ལ་ལན་འདེབས་བྱས་པ་མ་ཟད། གཞི་འཛིན་སའི་དགོས་མཁོ་དང་དོན་དངོས་ཀྱི་སྒྲིག་སྲོལ་གཏན་འཁེལ་ཇུས་གཞི་སྤྱད་དེ། ཚོང་གཉེར་འཕེལ་རྒྱས་ལ་དངུལ་རྩའི་འགུལ་ནུས་ལག་བསྟར་བྱས་ནས། དགོས་མཁོ་ཡོད་པའི་མི་སྒེར་དང་ཁེ་ལས་ལ་གནད་འཁེལ་རོགས་སྐྱོར་བྱས།
དེ་དང་ཆབས་ཅིག དངོས་སུ་གནད་དོན་འདྲི་བའི་རིམ་པ་བཙུགས་ནས། མི་སྒེར་དང་ཁེ་ལས་གཉེར་སྐྱོང་ཁྲོད་འཕྲད་པའི་གན་རྒྱའི་རྩོད་གཞི་དང་། མ་དངུལ་བསྡུ་སྒྲིག་གི་རེ་ཞུ། སྲིད་ཇུས་ཀྱི་ནང་དོན་མི་གོ་བའི་སྐབས་སོགས་སུ་དོན་དངོས་གནད་དོན་ལ་དམིགས་ཏེ། ཁྲིམས་རྩོད་པ་དང་དངུལ་རྩའི་ལས་ཁུངས་ཀྱི་འཐུས་མི་དང་ཁེ་ལས་ཀྱི་འགན་འཁུར་བས་ བར་ཐག་མེད་པའི་འབྲེལ་གཏུག་རྩ་འཛུགས་བྱས། ཁེ་ལས་ཀྱིས་བཏོན་པའི“གན་རྒྱའི་ཆིངས་ཡིག་ལས་འགལ་བའི་འགན་འཁྲི་བདའ་འདེད་བརྒྱུད་རིམ”དང“ཡིད་རྟོན་དངུལ་བུན་འོས་ཐོབ་ཞིབ་དཔྱད”སོགས་བྱེ་བྲག་གི་རེ་ཞུ་གཞིར་བཟུང་ནས། ཆེད་མཁས་ཚོགས་པས་གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ་དོན་ཚན་རེ་རེ་བཞིན་དབྱེ་ཞིབ་བྱས་པ་མ་ཟད་ཇུས་གཞི་ཐག་གཅོད་པའི་བྱེད་ཐབས་འདོན་སྤྲོད་བྱས། ཁེ་ལས་ལ་ཁྲོམ་རའི་ལྟ་སྐུལ་དོ་དམ་མངའ་ཁོངས་སུ་འཕྲད་པའི་དཀའ་ངལ་དང་དགོས་མཁོ་ཕྱོགས་བསྡུས་བྱས་ཏེ།“གནད་དོན་རྗེས་འདེད་རྩིས་ཐོ”བཙུགས་ནས་ཐག་གཅོད་དུས་ཚད་གསལ་བོ་བྱས་པ་དང་། ཞབས་ཞུ་ལག་བསྟར་བྱས་ནས་ཕན་འབྲས་ཐོན་པར་ཁག་ཐེག་བྱས།
ཤ་བོ་རིན་མཚོས་བསྒྱུར།