ཟླ5པའི་ཚེས31ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་དགུན་དུས་རྣམ་གྲངས་དང་ཕྱི་རོལ་ལུས་རྩལ་དོ་དམ་ལྟེ་གནས་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2024ལོ་ནས2025ལོའི་འགྲན་དུས་ཀྱི་རྒྱལ་ཡོངས་འཁྱགས་ལྟིར་རྟིང་རྩོད་འགྲན་སྡུར་ཁྲོད་དུ། མཚོ་སྔོན་གྱི་འཁྱགས་ལྟིར་རུ་ཁག་གི་ལུས་རྩལ་པ་ཀྲང་ཡུས་ཅེ་དང་ཚའེ་ཧོའེ་ཧྲའོ་གཉིས་ཀྱིས་ཕོ་མོ་མཉམ་ཞུགས་རྣམ་པའི་འགྲན་སྡུར་རྣམ་གྲངས་ཀྱི་ཨང་གསུམ་པ་བླངས།
2024ལོ་ནས2025ལོའི་འགྲན་དུས་ཀྱི་རྒྱལ་ཡོངས་འཁྱགས་ལྟིར་རྟིང་རྩོད་འགྲན་སྡུར་ནི། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་དགུན་དུས་ལུས་རྩལ་དོ་དམ་ལྟེ་གནས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པེ་ཨར་གྲོང་ཁྱེར་དུ་སྤེལ་བ་དང་། རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་ལུས་རྩལ་པ200ལྷག་ཐེངས་འདིའི་འགྲན་སྡུར་ལ་ཞུགས་ཏེ། སྐྱེས་པ་དང་བུད་མེད་ཚོགས་པ། ཕོ་མོ་མཉམ་ཞུགས་བཅས་རྣམ་གྲངས་གསུམ་གྱི་འགྲན་སྡུར་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། ད་ཐེངས་ཀྱི་རྟིང་རྩོད་འགྲན་སྡུར་ལ་ཞུགས་མཁན་གྱི་རུ་ཁག་ནི། 2024ལོ་ནས2025ལོའི་བར་གྱི་འགྲན་དུས་ཀྱི་རྒྱལ་ཡོངས་འཁྱགས་ལྟིར་ལེགས་སྐྱེས་འགྲན་སྡུར་གྱི་རྣམ་གྲངས་ཆུང་གྲས་ཁག་གི་རྩེ་གྲ12ཡིན་པ་དང་། འགྲན་སྡུར་གྱི་ཆུ་ཚད་དང་འགྲན་རྩོད་ཀྱི་ཚད་ཧ་ཅང་ཆེ། མཚོ་སྔོན་གྱི་རིམ་པ་སོ་སོའི་ལུས་རྩལ་རུ་ཁག་གིས་རྟིང་རྩོད་འགྲན་སྡུར་ཁྲོད་ལག་རྩལ་དང་འཐབ་རྩལ་གྱི་ནུས་པ་དང་འགྲན་སྡུར་གྱི་རྣམ་པ་ཡག་པོ་མངོན་ཡོད་ནའང་། ད་དུང་ལུས་རྩལ་རུ་ཁག་གཞན་ཁག་དང་བསྡུར་ན་མི་འདང་ས་དང་ཞན་ཆ་ཡང་མངོན་གསལ་ཡོད་པ་མཐོང་ཐུབ།
བན་དེ་སྐྱབས་ཀྱིས་བསྒྱུར།