ལྔ་པའི་བ་བཞིའི་གུང་གསེང་སྐབས། ས་གནས་སོ་སོས་ཕུན་སུམ་ཚོགས་པའི་ཁྱད་ལྡན་བྱེད་སྒོ་སྣ་མང་སྤེལ་བ་དང་། མི་རྣམས་ཀྱིས་ལྔ་པའི་བ་བཞིའི་དུས་ཆེན་གྱི་དམངས་སྲོལ་མྱོང་རོལ་བྱས་ནས། གུང་གསེང་སྐབས་ཀྱི་བདེ་སྐྱིད་འཚོ་བར་རོལ།
གུང་གསེང་སྐབས་སུ། ས་གནས་སོ་སོའི་ལྗོངས་ཁུལ་དུ་ཡུལ་སྐོར་པ་མང་པོ་ཡོད་པ་དང་ཁྱད་ལྡན་བྱེད་སྒོ་ཕུན་སུམ་ཚོགས་པ། རྨ་ཆུའི་ཧུའུ་ཁིའུ་རྦབ་ཆུ་རུ་དབྱར་དུས་ཀྱི་ལྟད་མོ་ཆེས་ལེགས་པའི་དུས་སྐབས་སླེབས་ཡོད་ལ། ལྗོངས་ཁུལ་གྱིས“གཟུགས་འདས་ཤུལ་བཞག་རིག་གནས་དང་རིག་གནས་ཡུལ་སྐོར་ཟུང་དུ་འབྲེལ་བའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་དང་། སྐམ་སའི་འབྲུག་གྲུའི་འགྲན་བསྡུར་དང་ཧུའུ་ཁོའུ་རྔ་རྩེད་སོགས་ཁྱད་ལྡན་རྣམ་གྲངས་རེས་མོས་ངང་སྤེལ། ཧྲན་ཞི་ཐའེ་ཡོན་གྱི་ཅིན་རྒྱལ་རབས་ཀྱི་མཆོད་ཁང་རྟེན་མཛོད་ཁང་དུ་འགྲུལ་པ་མང་པོ་ཐོན་པ་དང་། ལྗོངས་ཁུལ་གྱིས་བྱེད་སྒོ་སྣ་ཚོགས་དུས་གཅིག་ཏུ་སྤེལ་བས་མི་རྣམས་ཀྱིས་ཞབས་བྲོ་དང་དམངས་ཁྲོད་ཀྱི་རོལ་དབྱངས་འཁྲབ་སྟོན་ལ་མྱོང་རོལ་དང་གཟུགས་འདས་ཤུལ་བཞག་རིག་གནས་བཟོ་སྐྲུན་ལ་མྱོང་རོལ་བྱས། མཚོ་སྔོན་པོའི་འགྲམ་དུ། ཡུལ་སྐོར་པ་ཚོས་མཚེའུའི་འགྲམ་དུ་སྐོར་བྲོ་འཁྲབ་པ་དང་མཚེའུའི་མཛེས་ལྗོངས་ལ་ལྟ་བ། ཁྲུང་ཁྲུང་མགོ་ཁྲ་དང་སྐྱར་མོ་མགོ་ནག་བཅས་དང་མཉམ་དུ་པར་བླངས་ནས་སྐྱེ་ཁམས་ཀྱི་མཛེས་པར་མྱོང་བཞིན་ཡོད། ལྔ་པའི་བ་བཞིའི་དུས་ཆེན་གྱི་གུང་གསེང་སྐབས། ཀུའེ་ཀྲོའུ་ཆན་ཏུང་ནན་ཁུལ་ཧྲི་པིན་རྫོང་གིས་མི་སྟོང་ཕྲག་གིས་འབྲུག་གྲུ་འདེད་པ་དང་འབྲུག་གྲུ་གཙང་པོར་བསྐྱོད་པ། བྱ་ཀག་འཛིན་པ་དང་མི་ཁྲིའི་སྒྲོག་རྩེ་རིང་པོའི་གསོལ་སྟོན་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། ཡུལ་སྐོར་པ་དང་ས་གནས་ཀྱི་གྲོང་མི་ཚོ་དང་མཉམ་དུ་སྲོལ་རྒྱུན་དུས་ཆེན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་མྱོང་རོལ་བྱས། ཧེ་ལུང་ཅང་ཧྲོང་ཡ་རི་བོའི་དེང་རབས་ཞིང་ལས་ཚན་རྩལ་དཔེ་སྟོན་ཁུལ་དུ། མུའུ70ཡི་པད་ཁའི་མེ་ཏོག་རབ་ཏུ་བཞད་ནས་ཡུལ་སྐོར་བའི་ཡིད་དབང་བཀུག་ཅིང་། ཧུའུ་པེ་ཝུའུ་ཧན་གྱིས་འཕྲུལ་ཆས་མིའི་སྤྲོ་སྐྱིད་བྱེད་སྒོ་སྤེལ་ཞིང་། འཕྲུལ་མི་སྣ་ཁ་བརྒྱ་ལྷག་ཙམ་གཅིག་སྡུད་འགྲེམས་སྟོན་བྱས་ནས་ཡུལ་སྐོར་བར་གུང་གསེང་གི་མྱོང་བ་མི་འདྲ་བ་སྦྱིན།
གུང་གསེང་སྐབས་ཀྱི་མཚན་མོ་ཡང་དེ་བཞིན་དུ་ལྟ་ན་སྡུག ཡུན་ནན་ཨུག་ཧྲན་རྫོང་གིས“གཟུགས་འདས་ཤུལ་བཞག་རིག་གནས་དང་མཚན་སྐོར་ཟུང་འབྲེལ”བྱེད་སྟངས་བཏོན་ནས། ཡུལ་སྐོར་པར་ལོ་ངོ་སྟོང་གི་ལག་རྩལ་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་མཉམ་འདྲེས་ཀྱི་རིག་གནས་སྟོན་མོ་གཟབ་རྒྱས་ཤིག་བཤམས། ཧོང་ཧའེ་རྒྱ་མཚོའི་འགྲམ་རྒྱུད་དུ་གནས་པའི་ཅང་སུའུ་རུའུ་ཏུང་དུ། ཚན་རྩལ་དང་འཆར་ཡན་མཉམ་འདྲེས་ཀྱི“ཚོན་ཁྲའི་མེ་ཏོག”འཁྲབ་སྟོན་བྱས་པ་དེས་དུས་ཆེན་གྱི་རྣམ་པ་ལེགས་པར་མངོན། ཞིན་ཅང་གི་ཁ་ཧྲེ་གནའ་གྲོང་དུ་གློག་སྒྲོན་མང་པོ་བཀར་ཡོད་ཅིང་། མི་མེད་གནམ་གྲུ་ཆིག་སྟོང་མཁའ་དབྱིངས་སུ་འཕུར་ནས། མཚན་མོའི་མཁའ་དབྱིངས་སུ་མཛེས་ཤིང་ལྟ་ན་སྡུག་པའི་བཟོ་དབྱིབས་ཀྱི་རི་མོ་སྣ་ཚོགས་མངོན་པ་དེས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བའི་ཡིད་དབང་བཀུག