ད་ལོའི་ལྔ་པའི་བ་བཞིའི་གུང་གསེང་སྐབས་སུ། ས་གནས་སོ་སོས་དམངས་སྲོལ་རིག་གནས་དང་ཟུང་འབྲེལ་སྒོས་འཛད་སྤྱོད་ཀྱི་རྣམ་པ་གསར་པ་བསྐྲུན་པ་དང་སྦས་ཤུགས་གསར་པ་འདོན་སྤེལ་བྱས་པས། གུང་གསེང་དཔལ་འབྱོར་གྱིས་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བར་ཡར་སྐུལ་བྱས།
ལྔ་པའི་བ་བཞིའི་གུང་གསེང་རིང་། འབྲུག་གྲུའི་འགྲན་སྡུར་གྱིས་མི་རྣམས་ཀྱི་སྤྲོ་སེམས་འཕེལ་བར་བྱས་པའི་དུས་མཚུངས་སུ། འཛད་སྤྱོད་ལ་ཡང་ཡར་སྐུལ་བྱས། རང་གི་ལག་པས་དངོས་སུ་དཔེ་དབྱིབས་བཟོ་བར་ཉམས་ལེན་བྱེད་པ་དང་འབྲུག་གྲུའི་འབྲེལ་ཡོད་རིག་གནས་ཐོན་རྫས་ཉོ་བ། སྡེ་བའི་ནང་གི་ ཚིག་ཇ་ཁང་དང་དམངས་ཤག་ལ་སོགས་ཀྱི་ཚོང་ཧ་ཅང་བྲིན། ཕྱིར་སྐྱོད་ལས་སྟེགས་ཀྱི་གཞི་གྲངས་ལྟར་ན། ཟླ6པའི་ཚེས2ཉིན་ཚུན་དུ། ཧྥོ་ཧྲན་དང་མུས་ལའོ། ཅཱ་ཞིན་སོགས་ཡུལ་སྐོར་ཡོང་མཁན་མང་བའི་ས་གནས་ཀྱི་ཡུལ་སྐོར་མངག་ཐོའི་གྲངས་འབོར་ན་ནིང་གི་དུས་མཉམ་ལས་ཆ་སྙོམས་ལྡབ་གཅིག་ཙམ་འཕར་ཡོད།
ཀོང་ཏུང་ཅཱ་ཁྲི་ཡུལ་སྐོར་རིག་གནས་འཕེལ་རྒྱས་ཧྥོ་ཧྲན་ཚད་ཡོད་ཀུང་ཟིའི་འགན་ཁུར་པ་ཞེན་ཀྲོའུ་ཧུན་གྱིས་བཤད་རྒྱུར། ལྔ་པའི་བ་བཞིའི་གུང་གསེང་སྐབས་སུ། ང་ཚོར་སྔོན་མངག་བྱས་པའི་འགྲུལ་བའི་མི་གྲངས5000ལ་སླེབས་པ་དང་། ལྔ་པའི་བ་བཞིའི་དུས་ཆེན་རྗེས་ཀྱི་གཟའ་འཁོར་གཅིག་ཀྱང་ད་ལྟ་ཕལ་ཆེར་མངག་ཐོ་ཡིས་བཀང་ཡོད་ཟེར།
སྲོལ་རྒྱུན་རིག་གནས་ཀྱིས་བློ་བཀོད་གསར་པ་བསྐྱེད། ལྔ་པའི་བ་བཞིའི་གུང་གསེང་སྐབས་སུ། ཚོང་ར་དང་ལྗོངས་ཁུལ་ཆེ་གྲས་སོ་སོར་རྣམ་པ་གསར་རྐྱང་དུ་གྱུར་ཏེ། གུང་གསེང་རོལ་དུ་ཡོང་བའི་འགྲུལ་པ་མང་པོ་སླེབས། ཧི་ནན་དུ། ཧྲ་ཧིའི་གདངས་དབྱངས་དང་གནའ་བོའི་རོལ་ཆས་ཀྱི་དབྱངས་རྟ། རྒྱ་གླིང་སོགས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཁྲབ་སྟོན60ལྷག་ལུའོ་ཧི་གྲོང་ཁྱེར་གྱི་ཚོང་ར་གཙོ་བོར་རེས་མོས་ངང་འཁྲབ་སྟོན་བྱས། ཕྱེ་བཟོ་སྤུས་ལེགས་དང་རྩྭ་བསླས་ངོ་མཚར་ཅན་སོགས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཐོན་རྫས་སྣ་ཚོགས་མཐོང་རྒྱུ་ཡོད་པས། ཚོང་རའི་ནང་གི་འགྲུལ་རྒྱུན་ན་ནིང་གི་དུས་མཉམ་ལས་ཕལ་ཆེར་ལྡབ་གཅིག་ཙམ་འཕར་ཡོད།
ཧི་ནན་ལུའོ་ཧི་གྲོང་ཁྱེར་གྱི་གྲོང་མི་ཀྲང་མིས་ཅཱ་ཡིས་བཤད་རྒྱུར། འདི་འདྲའི་ལྟད་མོ་ཡག་པོ་ཞིག་མཐོང་ཐུབ་རྒྱུ་ཡིད་ལའང་མ་དྲན། ཚང་མ་གནའ་ནས་རྒྱུད་འཛིན་བྱས་པའི་ལག་རྩལ་ཤ་སྟག་ཡིན་པས། ཉེ་ས་ནས་ལྟ་རྒྱུ་དང་ཉམས་ལེན་བྱེད་པའི་རྣམ་གྲངས་ཧ་ཅང་ཡག་པོ་འདུག་ཟེར།
ཧྲང་ཧའེ་རུ། སུའུ་ཀྲིག་གཙང་པོའི་འགྲམ་ངོགས་སུ། འབྲུག་གྲུའི་ཁྱད་ལྡན་ཚོང་ཁྲོམ་ནི་འབྲུག་གྲུ་འགྲན་སྡུར་འགོ་བརྩམས་པ་དང་མཉམ་དུ་སྒོ་ཕྱེས།
ལྔ་པའི་བ་བཞིའི་ཁྱད་ལྡན་ཐོན་རྫས་ལ་དགའ་བསུ་ཆེན་པོ་ཐོབ་སྟེ། འབྲས་ཆན་ལ་བྲོ་བ་གསར་པ་གསར་གཏོད་བྱས་ཤིང་། མཁན་པའང་བཟོ་དབྱིབས་མི་འདྲ་བའི་གྱང་འགེལ་མེ་ཏོག་སྣ་ཚོགས་སུ་བཟོས་ནས། འཛད་སྤྱོད་པའི་དགའ་བསུ་ཐོབ། གློག་རྡུལ་ཉོ་ཚོང་ལས་སྟེགས་ཀྱི་གཞི་གྲངས་ལྟར་ན། གུང་གསེང་སྐབས་སུ། ལྔ་པའི་བ་བཞིའི་དུས་ཆེན་དང་འབྲེལ་བའི་ཚོང་ཟོག་གི་ཕྱིར་བཙོང་ཚད་ཚང་མ་ཟླ་སྔོན་མ་ལས་བརྒྱ་ཆའི་130%ལས་བརྒལ་ཡོད།
ལྔ་པའི་བ་བཞིའི་གུང་གསེང་སྐབས་སུ། ས་གནས་སོ་སོས་འཛད་སྤྱོད་སྐུལ་སློང་སྲིད་ཇུས་ཐད་མུ་མཐུད་དུ་ཤུགས་བསྣན། རྙིང་ཚབ་གསར་བརྗེའི་སྲིད་ཇུས་སྔར་ལས་འགྲོ་ལུགས་ལེགས་སྒྱུར་བཏང་བ་དང་ཞབས་ཞུ་ཇེ་ལེགས་སུ་བཏང་བས། ཚོང་ཟོག་འཛད་སྤྱོད་བྱས་ཚད་མངོན་གསལ་དོད་པོས་ཇེ་མཐོ་རུ་ཡར་སྐུལ་བྱས། ཚོང་དོན་པུའུ་ཡི་གཞི་གྲངས་གསར་ཤོས་ལྟར་ན། ད་ལྟའི་བར་དུ། ད་ལོར་འཛད་སྤྱོད་ཐོན་རྫས་རྙིང་ཚབ་གསར་བརྗེ་བྱས་པའི་རིགས་ཆེ་གྲས5ཡིས་བསྡོམས་པས་ཕྱིར་ཚོང་དངུལ་འབོར་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་གཅིག་སྐུལ་ཁྲིད་བྱས་པ་དང་། ཐད་ཀར་འཛད་སྤྱོད་པར་སྤྲད་པའི་ཁ་གསབ་ཀྱི་གྲངས་འབོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་ལྔ་ལས་བརྒལ་ཡོད།