ཉེ་ལམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྟོག་ཞིབ་ཚན་ཆུང་བཙུགས་ཏེ་ཟི་ལིང་གྲོང་ཁྱེར་དུ་སོང་ནས་གློག་སྐས་བདེ་འཇགས་དང་སྡེ་ཁུལ་དོ་དམ་ཐད་རྟོག་ཞིབ་གཏིང་ཟབ་བྱས་པ་དང་། གནད་དོན་ལ་གནད་འཁེལ་དབྱེ་ཞིབ་དང་ལེགས་བཅོས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་།
རྟོག་ཞིབ་ཚན་ཆུང་ཞིང་ཆེན་དང་གྲོང་ཁྱེར་གཞི་གཅིག་ཅན་གྱི96365གློག་སྐས་འཕྲལ་བསྟུན་ཐག་གཅོད་ལྟེ་གནས་དང་། ཅིན་ལིན་ཅཱ་ཡོན་སྡེ་ཁུལ་ལ་སོང་ནས། སྙན་ཞུར་ཉན་པ་དང་བཞུགས་མོལ་བརྗེ་རེས། མང་ཚོགས་ལ་འཚམས་འདྲི་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཟི་ལིང་གྲོང་ཁྱེར་གྱི་གློག་སྐས་སྒྲིག་སྦྱོར་དང་འཁོར་སྐྱོད། ཞིག་གསོ་བཅས་ཀྱི་གནས་ཚུལ་དང་སྡེ་ཁུལ་དོ་དམ་གནས་བབ་ལ་རྒྱུས་ལོན་ཞིབ་མོ་བྱས།
རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། གློག་སྐས་བདེ་འཇགས་ནི་ཁྱིམ་ཚང་ཁྲི་སྟོང་མང་པོའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་འབྲེལ་བ་ཡོད་པས། གྲོང་ཁྱེར་གྱི་དོ་དམ་ཆུ་ཚད་ལ་ཚད་འཇལ་བྱེད་པའི་ཚད་ཤིང་གལ་ཆེན་ཞིག་རེད། ཉེ་བའི་ལོ་འགའི་རིང་། ཞིང་ཆེན་ཡོངས་ཀྱི་གློག་སྐས་བདེ་འཇགས་གནས་བབ་སྤྱིའི་ཆ་ནས་གཏན་འཇགས་ཡིན་མོད། བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་སྔར་བཞིན་མངོན་གསལ་ཡིན་པས། ཆག་སྐྱོན་འབྱུང་བའི་གནས་ཚུལ་ཡོད་ལ། གཏུག་བཤེར་ཞུ་གཏུག་བྱེད་ཚད་ཀྱང་ཇེ་ཉུང་དུ་འགྲོ་བཞིན་མེད། ཁྲོམ་རའི་ལྟ་སྐུལ་དོ་དམ་དང་། སྡོད་ཁང་འཛུགས་སྐྲུན་སོགས་ཀྱི་འགན་ནུས་སྡེ་ཁག་གིས་མཐོང་ཆེན་ཚད་མེད་བྱས་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་དམ་པོར་འཛུགས་པ་དང་། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་པ། གནད་དོན་གྱི་འབྱུང་ཁུངས་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ། གློག་སྐས་བདེ་འཇགས་ངང་འཁོར་སྐྱོད་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁག་ཐེག་བྱེད་དགོས། རྒྱལ་ཁབ་ཀྱི་དམིགས་བསལ་སྒྲིག་ཆས་བདེ་འཇགས་བཅའ་ཁྲིམས་དང་། ཞིང་ཆེན་དང་གྲོང་ཁྱེར་གྱི་གློག་སྐས་བདེ་འཇགས་སྲོལ་ཡིག་དོན་འཁྱོལ་ནན་མོ་བྱས་ཏེ། དུས་བཅད་གྲོས་མོལ་རྐྱེན་སྲོལ་འཛུགས་པ། གནད་དོན་ལ་གཞིགས་ནས་བཅོས་སྐྱོང་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་གློག་སྐས་བདེ་འཇགས་དང་སྡེ་ཁུལ་དོ་དམ་ཁྱབ་ཁོངས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། ས་གནས་སྲིད་གཞུང་གིས་གཞི་རིམ་སྡེ་ཁུལ་རྩ་འཛུགས་དང་ཁང་བདག་ཨུ་ཡོན་ལྷན་ཁང་། སྡེ་ཁུལ་ཞབས་ཞུའི་ཁེ་ལས་སོགས་ཀྱི་ཕྱོགས་སོ་སོའི་སྟོབས་ཤུགས་སྐུལ་སློང་བྱེད་པར་མཛུབ་སྟོན་བྱས་ཏེ། མཉམ་འཛིན་སྤྱི་འདོམས་ཀྱི་བྱ་བའི་མཉམ་ཤུགས་ཆགས་པར་བྱེད་པ་དང་། སྡེ་ཁུལ་གྱི་སྤུས་ཀ་མཐོར་འདེགས་དང་གཞིས་སྡོད་ཁོར་ཡུག་ལེགས་སྒྱུར། འགལ་བ་རྩོད་གཞི་ཐག་གཅོད་བྱེད་པ་སོགས་ཀྱི་ཕྱོགས་ལ་རྒྱུན་མཐུད་སྒོས་ནུས་ཤུགས་བཏོན་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་དགོས།
ལྷ་མོ་འཚོས་བསྒྱུར།