ཟླ་ལྔ་པའི་ཚེས་ཉེར་དགུ་ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་མི་དམངས་སྨན་ཁང་ལ་རིམ་པ་དང་པོའི་རྨ་གསོ་ལྟེ་གནས་ཀྱི་མཚན་སྙན་ཐོབ་པ་དང་། དེས་སྨན་ཁང་དེའི་རྨ་གསོ་དང་སྐྱོབ་བཅོས་ནུས་པའི་ཐད་ནས་ཐོལ་བརྒལ་ཆེན་པོ་བླངས་ནས་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་བསྐྱོད་པ་མཚོན་ཡོད།
རིམ་པ་དང་པོའི་རྨ་གསོ་ལྟེ་གནས་འཛུགས་པའི་དུས་སྐབས་སུ། རྨ་ཆེན་རྫོང་མི་དམངས་སྨན་ཁང་གིས་འཕྲལ་བཅོས་ཚན་ཁག་དང་ཕྱི་ནད་ཚན་ཁག ཚོད་སྦྲིད་ཚན་ཁག་སོགས་ཀྱི་ཚན་རིག་རང་བཞིན་གྱི་ཐོན་ཁུངས་གཅིག་སྡུད་བྱས་ཏེ། ཆེད་ལས་ཅན་གྱི་རྨ་གསོ་སྐྱོབ་བཅོས་ཚོགས་པ་བཙུགས། ཚོགས་མིས་གཟབ་ནན་གྱི་སྦྱོང་བརྡར་དང་འཁྲབ་སྦྱོང་དངོས་བརྒྱུད་དེ་མྱུར་དུ་དང་ལེན་བྱེད་པ་དང་བརྟག་དཔྱད་གནད་ལ་ཁེལ་བ། སྐྱོབ་བཅོས་ཕན་འབྲས་མཐོ་བ་བཅས་ཀྱི་ནུས་པ་དང་ལྡན་པར་གྱུར་ཡོད་ལ། ཆེས་ཐུང་བའི་དུས་ཚོད་ནང་རྨས་མར་སྨན་བཅོས་ཞབས་ཞུ་ཆ་ཚང་ཞིག་མཁོ་སྤྲོད་བྱེད་ཐུབ་འདུག མཚན་སྙན་འདི་འདྲ་ཞིག་ཐོབ་པ་ནི་སྨན་ཁང་གི་ཡར་སྔོན་གྱི་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་པ་ཡིན་ལ། ས་གནས་དེ་ག་དང་ཉེ་འདབས་ཀྱི་རྨས་མ་རྣམས་ལ་སྔར་བས་ཆེད་ལས་དང་ཕན་ནུས་ལྡན་པའི་སྨན་བཅོས་འགན་སྲུང་བྱས་པ་རེད།
རྨ་ཆེན་རྫོང་མི་དམངས་སྨན་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣས་བསྟན་དོན། ཁོ་ཚོས་ཐེངས་འདིའི་མཚན་སྙན་ཐོབ་པ་གོ་སྐབས་སུ་བྱས་ནས་རྨ་གསོ་ལྟེ་གནས་ཀྱི་འཛུགས་སྐྲུན་དང་དོ་དམ་ལ་མུ་མཐུད་ཤུགས་བསྣན་ནས་སྨན་བཅོས་ལག་རྩལ་གྱི་ཆུ་ཚད་དང་ཞབས་ཞུའི་སྤུས་ཚད་མཐོར་འདེགས་བཏང་སྟེ་རྨས་མའི་ཚེ་སྲོག་དང་བདེ་ཐང་གི་སོ་བ་བྱེད་པ་དང་། དུས་མཉམ་དུ་རིམ་པ་དང་པོའི་རྨ་གསོ་ལྟེ་གནས་ཀྱི་བྱེད་ནུས་བཏོན་ནས་ཉེ་གམ་གྱི་སྨན་བཅོས་ལས་ཁུངས་ལ་བརྗེ་རེས་དང་མཉམ་ལས་གཏིང་ཟབ་བྱས་ཏེ། ཁུལ་ཁོངས་ཀྱི་རྨ་གསོ་དང་སྐྱོབ་བཅོས་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མཐོ་སྒང་གི་མང་ཚོགས་རྣམས་ཀྱི་བདེ་ཐང་ཐད་སྟོབས་ཤུགས་མི་དམན་པ་འདོན་རྒྱུ་ཡིན་ཟེར།
མི་ཕམ་མགོན་པོས་བསྒྱུར།