མཚོ་སྔོན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་གྲོང་གསེབ་སྡོད་དམངས་ཀྱི་བདེ་ཐང་བྱང་ཚད་ཇེ་མཐོར་བཏང་།
2025.06.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་ལྟར་ན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་བདེ་ཐང་བྱང་ཚད་སྐུལ་སྤེལ་དང་། བདེ་ཐང་རྫོང་དང་ས་ཁུལ་འཛུགས་སྐྲུན། བདེ་ཐང་ཚན་རིག་ཁྱབ་གདལ་གཏོང་བའི་སློབ་གསོ་སོགས་བྱེད་ཐབས་བརྒྱུད། རྒྱུན་ཆད་མེད་པར་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། བདེ་ཐང་གི་འདུ་ཤེས་མི་སེམས་སུ་འཇགས་པར་བྱས།

རང་ཞིང་གིས་མུ་མཐུད་དུ་བདེ་ཐང་གི་རྫོང་དང་ས་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། ཟི་ལིང་གྲོང་ཁྱེར་མཁར་བྱང་ས་ཁུལ་དང་། ཧོང་ཀྲུང་ས་ཁུལ། མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་སོགས་བདེ་ཐང་རྫོང24ཡིས་ཞིང་ཆེན་ཡོངས་ཀྱི་རྫོང་དང་གྲོང་ཁྱེར། ས་ཁུལ། སྲིད་འཛིན་ཨུ་ཡོན་ལྷན་ཁང་བཅས་ཀྱི་བརྒྱ་ཆའི53ཟིན་ཡོད། དེའི་ནང་ཟི་ལིང་གྲོང་ཁྱེར་མཁར་བྱང་ས་ཁུལ་དང་། ཧོང་ཀྲུང་ས་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་བཅས་ཀྱི་ཉམས་མྱོང་བྱེད་ཐབས་དེ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཕུལ་དུ་བྱུང་བའི་དཔེ་མཚོན་དུ་བདམས་ནས་རྒྱལ་ཡོངས་སུ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་ཡོད། བདེ་ཐང་ཚན་རིག་ཁྱབ་གདལ་སློབ་གསོར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ“བདེ་ཐང་སློབ་གསོ་ལེ་དབར་ཁྲི་ཡི་སར་བསྐྱོད་པའི”བྱེད་སྒོའི་སྤུས་རྟགས་གཏོད་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་རྫོང་དང་ས་ཁུལ45ལ་ཁྱབ་པ་དང་རིམ་རྩིས་བྱས་ན་ལམ་ཐག་སྤྱི་ལེ་ཁྲི7ལྷག་ཙམ་ཟིན་ཡོད། བདེ་ཐང་སློབ་གསོའི་རྣམ་པ་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས་བདེ་ཐང་ཤེས་བྱ་དྲིལ་བསྒྲགས་དང་མཚོ་སྔོན་གྱི་མཛའ་གཞས་སོགས་དམངས་ཁྲོད་རིག་རྩལ་མཉམ་བསྲེས་ཀྱིས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། སྲོལ་རྒྱུན་གྱི་ཁྲོམ་ཚོགས་དང་ཚོང་འདུས་སོགས་དང་ཟུང་འབྲེལ་བྱས་ཏེ་བདེ་ཐང་དྲིལ་བསྒྲགས་ས་ཚིགས་བཙུགས་ནས་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་བཏང་། 2024ལོའི་ལོ་མཇུག་བར། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་སྡོད་དམངས་ཀྱི་བདེ་ཐང་བྱང་ཚད་དེ2021ལོ་ལས་བརྒྱ་ཆའི5.7འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་བདེ་ཐང་བྱང་ཚད་ཀྱི་བར་ཁྱད་བརྒྱ་ཆའི10.31ཟིན་པས། 2021ལོ་ལས་བརྒྱ་ཆའི0.94མར་ཆག་པ། གྲོང་གསེབ་སྡོད་དམངས་ཀྱི་བདེ་ཐང་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་བདེ་ཐང་བྱང་ཚད་ཀྱི་ཆུ་ཚད་དང་བར་ཁྱད་རྒྱུན་ཆད་མེད་པར་ཇེ་ཆུང་དུ་ཕྱིན་པ་རེད།

རང་ཞིང་གིས་བདེ་ཐང་གི་ཞིང་སྡེ་འཛུགས་སྐྲུན་ལ་དམིགས་ནས། མང་ཚོགས་ཀྱི་དགོས་མཁོ་གཙོ་བོར་བཟུང་སྟེ། ས་ཁོངས་ཡོངས་དང་། མི་ཚོགས་ཡོངས། ཚེ་སྲོག་གི་འཁོར་ཡུན་ཧྲིལ་བོའི་བདེ་ཐང་སློབ་གསོའི་མ་ལག་བཙུགས་ཏེ། བདེ་ཐང་གི་མཚོ་སྔོན་འཛུགས་སྐྲུན་ལ་རམ་འདེགས་བྱེད་རྒྱུ་དང་། གྲོང་གསེབ་ཀྱི་འཚོ་བ་སྐྱེལ་སྟངས་ལེགས་བཅོས་དང་། གྲོང་མི་ཨུ་ཡོན་ལྷན་ཁང་དང་སྡོད་དམངས་ཨུ་ཡོན་ལྷན་ཁང་། དེའི་སྤྱི་པའི་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་བྱས་ཏེ། འཕྲོད་བསྟེན་བདེ་ཐང་སྐོར་གྱི་སྲིད་ཇུས་དྲིལ་བསྒྲགས་དང་བདེ་ཐང་སྐོར་གྱི་ཤེས་བྱ་ཁྱབ་གདལ་དུ་གཏོང་རྒྱུ་རེད། གྲོང་གསེབ་ཀྱི་བདེ་ཐང་སྤྱི་ཆིངས་དང་སྐྱོན་བྲལ་བསྲུང་བྱ་སོགས་ཀྱི་བྱ་སྤྱོད་ཚད་གཞི་བཟོས་ནས། ལྗང་མདོག་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་འདུ་ཤེས་དང་བླང་བྱ་སྡེ་བའི་དམངས་ཆིངས་ནང་བཞག་སྟེ་ལག་ལེན་ལ་སྐུལ་འདེད་གཏོང་རྒྱུ་རེད། བདེ་ཐང་གི་ལུས་པོའི་ལྗིད་ཚད་ལ་དོ་དམ་བྱེད་པའི་བྱེད་སྒོ་སྤེལ་བ་དང་། ཁྱིམ་མིས་མཉམ་དུ་ལུས་པོའི་ལྗིད་ཚད་ལ་དོ་དམ་བྱེད་པར་ཞུགས་རྒྱུ་དར་སྤེལ་བཏང་སྟེ། བཟའ་བཏུང་དང་འགུལ་སྐྱོད་ཀྱི་གོམས་གཤིས་བཟང་པོ་ཆགས་སུ་འཇུག་རྒྱུ་རེད། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་སྐུལ་སྤེལ་བྱེད་སྒོ་སྤེལ་བ་དང་། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་བདེ་ཐང་ཤེས་བྱ་ཁྱབ་གདལ་གཏོང་བར་ཤུགས་སྣོན་པ། ཀྲུང་ལུགས་གསོ་རིག་གི་ཡང་དག་པའི་ལུས་གསོའི་འདུ་ཤེས་ཁྱབ་སྤེལ་དང་ཀྲུང་ལུགས་གསོ་རིག་གི་ལུས་ཁམས་བདེ་སྲུང་གི་ནུས་རྩལ་བརྒྱུད་སྤེལ་བྱ་རྒྱུ་རེད། གཞི་རིམ་གྱི་བདེ་ཐང་སློབ་གསོའི་དྲ་བ་འཛུགས་སྐྲུན་བྱེད་ཤུགས་འདོན་པ་དང་།  བདེ་ཐང་སློབ་གསོ་དང་བདེ་ཐང་ཚན་རིག་ཁྱབ་གདལ་གྱི་སྤྲིན་ཚོམ་ལས་སྟེགས་ལ་བརྟེན་ནས་བདེ་ཐང་ངང་རྫོང་དང་ས་ཁུལ་དང་བདེ་ཐང་རིག་གནས་ཀྱི་གཡུལ་ས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་མི་སྣར་སློབ་གསོ་སྦྱོང་བརྡར་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། བདེ་ཐང་སློབ་གསོའི་ཆེད་ལས་ནུས་པ་མཐོར་འདེགས་དང་། བདེ་ཐང་ཚན་རིག་ཁྱབ་གདལ་གྱི་ཤེས་བྱ་ཁྱབ་སྤེལ་དང་ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད།

ཚེ་མགོན་རྒྱལ་གྱིས་བསྒྱུར།