ཟླ5པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་ནས་བསྒྲགས་པའི་གཏམ་བཟང་ལྟར་ན། 2025ལོར་ཞིང་ཆེན་ཡོངས་ཀྱི་སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་སྲུང་གྲོན་དངུལ་གཞི་ཁྱོན་སྔོན་དཔག་བྱས་ན་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་བརྒལ་ནས། རོང་འབྲོག་ཁྱིམ་ཚང་ལ་ཉེན་ཁའི་འགན་སྲུང་སྒོར་ཐེར་ཆེན་བདུན་ཙམ་མཁོ་འདོན་ཐུབ་པར་བྱས་ཏེ། ལྗང་མདོག་དང་སྐྱེ་ལྡན་རོང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་རྒྱུ་དང་། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ལས་འཕེལ་རྒྱས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་རྒྱུར་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱེད་རྒྱུ་རེད།
ཉེ་བའི་ལོ་འདི་དག་གི་རིང་ལ། ཞིང་ཆེན་ནོར་སྲིད་ཀྱིས་གྲོང་གསེབ་དར་སྤེལ་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ། ཞིང་ལས་འགན་སྲུང་སྲིད་ཇུས་མཁོ་སྤྲོད་ལ་མུ་མཐུད་ཤུགས་བསྣན་ནས། ཞིང་ཆེན་ཡོངས་ཀྱི་སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་སྲུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ། རང་རེའི་ཞིང་ཆེན་གྱི་སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་སྲུང་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་རྣམ་པ་མངོན་པ་དང་། འགན་སྲུང་གྲོན་དངུལ་གྱི་གཞི་ཁྱོན2021ལོའི་སྒོར་ཐེར་འབུམ་གཅིག་ལྷག་ནས2025ལོའི་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞིའི་བར་བརྟན་པོའི་ངང་མཐོ་རུ་ཕྱིན་ནས། ལོ་རེར8.45%འཕར་བ་དང་ལོ་ལྔའི་རིང་བསྡོམས་རྩིས་བྱས་ན་སྒོར་ཐེར་འབུམ་དྲུག་དང་དུང་ཕྱུར་གཅིག་ལས་བརྒལ་ཡོད། དེའི་ནང་རིམ་པ་སོ་སོའི་ནོར་སྲིད་ཀྱིས་བསྡོམས་རྩིས་བྱས་ན་འགན་སྲུང་གྲོན་དངུལ་གྱི་ཁ་གསབ་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་གཉིས་བྱེ་བ་དྲུག་ས་ཡ་གཅིག་བཏང་ཡོད་ཅིང་དེའི་བསྡུར་ཚད་ཀྱིས་བརྒྱ་ཆའི85.8ཟིན་ཡོད་ལ། ཞིང་ཁྱིམ་སོ་སོ་ནས་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་བདུན་ས་ཡ་གསུམ་བསྡུ་ལེན་བྱས་ཡོད་པར་བརྟེན། ནོར་སྲིད་མ་དངུལ་གྱི་འདེགས་ཤིང་གི་ཕན་འབྲས་མུ་མཐུད་ཆེ་རུ་ཕྱིན་ཡོད། 2021ལོ་ནས2024ལོ་བར་དུ། འགན་སྲུང་སྒྲིག་གཞིས་ཞིང་ཁྱིམ་ལ་བསྡོམས་རྩིས་བྱས་ན་སྐྱིན་ཚབ་སྤྲོད་པའི་མ་དངུལ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་བདུན་བྱེ་བ་གཅིག་སྤྲད་པ་དང་། ལོ་རེའི་ཆ་སྙོམས་སྐྱིན་ཚབ་སྤྲོད་ཚད78%ཟིན་ཡོད་ལ། དེ་ལ་བརྟེན་ནས་ཕན་པ་ཐོབ་པའི་རོང་འབྲོག་ཁྱིམ་ཚང་ས་ཡ་གཉིས་དང་འབུམ་གཉིས་ཁྲི་གཅིག་ལྷག་ཡོད་པར་བརྟེན། “ནོར་སྲིད་ཀྱི་མ་དངུལ་ཆུང་བ་དང་ཉེན་ཁའི་འགན་སྲུང་ཆེ་བའི”ཞིང་ལས་ལ་རྒྱབ་སྐྱོར་གྱི་ཕན་འབྲས་མངོན་འགྱུར་བྱུང་བ་དང་། རོང་འབྲོག་པའི་རང་བྱུང་གནོད་འཚེ་དང་ཁྲོམ་རའི་ཉེན་ཁ་འགོག་པའི་ནུས་པ་མངོན་གསལ་དོད་སྒོས་ཆེ་རུ་ཕྱིན་ཡོད།
ཞིང་ཆེན་ནོར་སྲིད་ཀྱིས“ཁྱབ་རྒྱ་ཆེ་རུ་གཏོང་བ་དང་ཐོན་རྫས་མང་དུ་གཏོང་བ། སྤུས་ཚད་ཇེ་ལེགས་སུ་གཏོང་བ”བཅས་དམིགས་ཚད་དུ་བཟུང་ནས། སྲིད་ཇུས་ཀྱི་ཐད་ནས་ཇུས་འགོད་འཐུས་ཚང་བཟོས་ཏེ། 2025ལོར་གྲོ་དང་མ་རྨོས་ལོ་ཏོག་སོགས་འབྲུ་རིགས་གཙོ་བོའི་མ་གོང་ལ་ཡོངས་སུ་འགན་སྲུང་བྱས་པའི་རྨང་གཞིའི་སྟེང་དུ། སྲན་ཆེན་དང་སྣུམ་རིགས་ལོ་ཏོག་གི་མ་གོང་ལ་ཡོངས་སུ་འགན་སྲུང་བྱེད་པའི་ལས་དོན་སྔར་ལས་ཁྱབ་གདལ་བཏང་ནས། འབྲུ་རིགས་དང་སྣུམ་གྱི་བདེ་འཇགས་འགན་སྲུང་ནུས་པ་མུ་མཐུད་ཆེ་རུ་གཏོང་རྒྱུ་རེད། བྱ་དགའ་སྟེར་བ་དང་ཁ་གསབ་སྤྲོད་པའི་ལམ་སྲོལ་འཛུགས་པ་བརྒྱུད། གྲོང་ཁྱེར་དང་རྫོང་གིས་ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་སྔོ་ཚལ་རིན་གོང་སྟོན་གྲངས་འགན་སྲུང་སོགས་ས་གནས་ཀྱི་ཁྱད་ཆོས་འགན་སྲུང་སྤེལ་རྒྱུར་ཁྲིད་སྟོན་བྱས་ཏེ། ས་གནས་སོ་སོའི་དགོས་མཁོ་དང་མཐུན་པ་དང་ཁྱད་ཆོས་མངོན་གསལ་ལྡན་པ། ཁྲོམ་རའི་གན་རྒྱ་ཅན་བཅས་ཀྱི་ཞིང་ལས་རྒྱབ་སྐྱོར་སྲུང་སྐྱོབ་ལམ་ལུགས་འཛུགས་རྒྱུར་རོགས་རམ་ནུས་ལྡན་བྱེད་དགོས། དུས་མཚུངས་སུ། ལོ་ལྟར་ཞིང་ལས་འགན་སྲུང་གྲོན་དངུལ་ཁ་གསབ་མ་དངུལ་གྱི་ཕན་འབྲས་གདེང་འཇོག་དང་འགན་སྲུང་སྒྲིག་གཞིའི་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ལ་དཔྱད་ཞིབ་བྱས་ཏེ། འགན་སྲུང་སྒྲིག་གཞིས“གནད་ལ་འཁེལ་བའི་འགན་སྲུང་བྱེད་པ་དང་མགྱོགས་མྱུར་སྒོས་སྐྱིན་ཚབ་འཇལ་བ། ཚན་རྩལ་ལ་བརྟེན་ནས་ནུས་པ་འདོན་པ”བཅས་ཀྱི་དེང་རབས་ཅན་གྱི་ཞབས་ཞུའི་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། མིག་སྔར། ཞིང་ཆེན་ཡོངས་ཀྱི་ཞིང་ལས་འགན་སྲུང་གི་གཏིང་ཚད་ཀྱིས3.77%ཟིན་པ་དང་། འགན་སྲུང་གི་སྟུག་ཚད་ཀྱིས་མི་རེར་སྒོར་631.64ཟིན་པས། སྲིད་ཇུས་མཁོ་འདོན་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་དགོས་མཁོ་སྙོམ་སྒྲིག་བྱེད་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།