ཟླ5པའི་ཚེས30ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྟོག་ཞིབ་ཚན་ཆུང་བཙུགས་ཏེ། མཐིལ་རྟོགས་རྟོག་ཞིབ་བྱེད་ཐབས་སྤྱད་དེ་རང་ཞིང་གི་ཚན་རྩལ་ཁེ་ལས་སྐོར་ཞིག་ལ་ཆེད་དོན་རྟོག་ཞིབ་བྱས་པ་དང་། འབྲེལ་ཡོད་སྲིད་ཇུས་དངོས་འབེབས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ནས། འཐབ་ཇུས་དང་གྲོས་གཞི་བཏོན།
རྟོག་ཞིབ་ཚན་ཆུང་རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ཀྲུང་ཧྲོས་ཧྲུའོ་དབྱི་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་ཟིར་སོང་ནས། ཁེ་ལས་ཀྱི་འབྲེལ་ཡོད་ཚན་རྩལ་གསར་གཏོད་བྱ་བའི་སྤྱིའི་གནས་ཚུལ་ངོ་སྤྲོད་བྱས་པར་ཉན་པ་དང་། ཡུལ་དངོས་སུ་ཚོད་ལྟ་ཁང་གཙོ་བོ་ཁ་ཤས་ཀྱི་ཚན་རྩལ་གསར་སྤེལ་དང་ལག་རྩལ་ཚད་ལེན། ཐོན་སྐྱེད་ལས་ཡུལ་གྱི་གྲུབ་འབྲས་ཚུལ་སྒྱུར་བེད་སྤྱོད་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས།
རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་ཇེ་མཐོར་གཏོང་བ་དང་། ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གོ་གནས་ཇེ་མཐོར་གཏོང་བ་དེ་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་པ་གསལ་བོར་རྟོགས་དགོས་ཤིང་། ལྟ་སྐུལ་བྱ་བའི་ཁུངས་སྣེ་དང་ཤུགས་འདོན་ས་ཡང་དག་པར་བཙལ་ནས། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ཇི་མ་ཇི་བཞིན་དུ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། འགག་རྩའི་ལས་རིམ་ལ་དམིགས་ནས། ཁེ་ལས་དེ་ཚན་རྩལ་གསར་གཏོད་ཇུས་ཆོད་ཁྲོད་ཟབ་ཞུགས་བྱེད་པ་དང་། ཁེ་ལས་ཀྱི་གསར་སྤེལ་དངུལ་གཏོང་ཤུགས་ཚད་ཇེ་ཆེར་གཏོང་བ། ཁེ་ལས་ཀྱི་ཚན་ཞིབ་རྩ་འཛུགས་ལ་ཤུགས་སྣོན་པ། ཁེ་ལས་ཀྱི་ཚན་རྩལ་གྲུབ་འབྲས་མགྱོགས་མྱུར་ངང་ཚུལ་སྒྱུར་བྱེད་པ་སོགས་ཀྱི་ལས་རིམ་གཙོ་བོར་དམིགས་ཏེ། ཞིབ་བཤེར་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། གནད་འཁེལ་ནུས་ལྡན་གྱི་ལྟ་སྐུལ་ལ་བརྟེན་ནས་ཁེ་ལས་གསར་གཏོད་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་དཀའ་གནད་ཐག་གཅོད་པར་སྐུལ་འདེད་གཏོང་དགོས། མཐུན་སྦྱོར་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་བར་གྱི་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་བསྣན་ནས། ཚན་རྩལ་དང་ཐོན་ལས། ནོར་སྲིད། ཁྲལ་བསྡུ། འཇོན་མི། དངུལ་རྩ་སོགས་སྲིད་ཇུས་ནུས་ལྡན་འབྲེལ་མཐུད་དང་མཐུན་སྦྱོར་གང་ལེགས་བྱེད་པར་སྐུལ་འདེད་གཏོང་བ་དང་། མ་ལག་གཅིག་འདུས་ཀྱི་མཉམ་ཤུགས་ལ་བརྟེན་ནས་ཁེ་ལས་གསར་གཏོད་ལ་སྟོབས་ནུས་སྩོལ་བའི་སྐྱེ་ཁམས་ལེགས་པོ་བསྐྲུན་པ། སྤྱི་ཚོགས་ཡོངས་ཀྱིས་གསར་གཏོད་ལ་སེམས་ཁུར་དང་གསར་གཏོད་ལ་རྒྱབ་སྐྱོར། གསར་གཏོད་ཁྲོད་ཟབ་ཞུགས་བྱེད་པ་བཅས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱས་ཏེ། རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་མགྱོགས་མྱུར་ངང་འཛུགས་པར་དམངས་ཆེན་གྱི་སྟོབས་ཤུགས་འབུལ་དགོས།
ལྷ་མོ་འཚོས་བསྒྱུར།