ད་ལོར། ས་གནས་སོ་སོས“གསར་པ་གཉིས”ཀྱི་སྲིད་ཇུས་མུ་མཐུད་དུ་རྒྱ་བསྐྱེད་དེ། འཛད་སྤྱོད་ཀྱི་སྦས་ཤུགས་མགྱོགས་མྱུར་ངང་ཕྱིར་འདོན་པར་སྐུལ་འདེད་ནུས་ལྡན་བཏང་།
དབྱར་ཚུགས་པ་ནས་བཟུང་། དྲོད་སྙོམས་འཕྲུལ་ཆས་དང་འཁྱགས་སྒམ་སོགས་ཁྱིམ་སྤྱོད་གློག་ཆས་ཕྱིར་འཚོང་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད། ས་གནས་སོ་སོས“གསར་པ་གཉིས”ཀྱི་སྲིད་ཇུས་རྒྱ་བསྐྱེད་དེ། འཛད་སྤྱོད་པར་ཕན་པ་དངོས་སྔར་ལས་གང་མང་ཐོབ་པར་བྱས་ཡོད། ཐེན་ཅིན་དུ་ཁྱིམ་སྤྱོད་གློག་ཆས་བཙོང་ས་སོ་སོས་སྲིད་གཞུང་གི་ཁ་གསབ་སྟེང་ཁེ་ལས་ཀྱི་ཁེ་བཟང་སྟེར་བའི་རྨང་གཞིའི་སྟེང་དུ། ཆེད་བཅག་རིན་གོང་ཐོན་རྫས་དང་གསར་བརྗེ་ཁ་གསབ། སྐྱེད་མེད་དུས་བགོས་སོགས་ཀྱི་གཟིགས་སྐྱོང་བྱེད་སྒོ་སྤེལ། ལྔ་བའི་བ་བཞིའི་དུས་ཆེན་སྐབས་སུ། ཐེན་ཅིན་གྲོང་ཁྱེར་གྱི་ཁྱིམ་སྤྱོད་གློག་ཆས་འཛད་སྤྱོད་གྲངས་འབོར་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་བཞི་བཅུ་འཕར་ཡོད། ཅང་སུའུ་ནན་ཅིན་དུ་ཁྱིམ་སྤྱོད་གློག་ཆས་ཁེ་ལས་ཁག་ཅིག་གིས“ལོ་བཅུར་ཞིག་གསོའི་འགན་ལེན”གྱི་ཞབས་ཞུ་གཅིག་སྡུད་སྒོས་བཏོན་ནས། འཛད་སྤྱོད་ཀྱི་སྦས་ཤུགས་སྔར་ལས་འཕེལ་བར་བྱས། སྐབས་འདིར་ཧུའུ་པེ་རུ“རྒྱལ་ཁབ་ཀྱི་ཁ་གསབ་དང་ལོ་དཀྱིལ་སྐུལ་ཆེན། ལྔ་བའི་བ་བཞིའི་དུས་ཆེན”བཅས་གཟིགས་སྐྱོང་ཆེན་པོ་གསུམ་ལ་བརྟེན་ནས། ཞིང་ཆེན་ཡོངས་ཀྱི་ཁྱིམ་སྤྱོད་གློག་ཆས་ཉོ་ཚོང་འབོར་གྲངས་ན་ནིང་གི་དུས་མཉམ་ལས25%ཙམ་འཕར་རྒྱུར་སྐུལ་ཁྲིད་བྱས་ཏེ། རིག་ནུས་སྦྲེལ་དྲ་དང་ནུས་གྲོན་ཁོར་སྲུང་སོགས་ཀྱི་ཁྱིམ་སྤྱོད་གློག་ཆས་དེ་འཛད་སྤྱོད་པས་དོ་ཁུར་བྱ་ཡུལ་གཙོ་བོར་གྱུར་ཡོད། ཀོང་ཏུང་གིས“ནོར་སྲིད་ཀྱིས་ཁ་གསབ་དང་ཁེ་ལས་ཀྱིས་ཁེ་སྤོགས་སྟེར་བ། དངུལ་རྩས་ནུས་སྤྲོད་བཅས་མཉམ་འབྲེལ་གྱི་རྣམ་པར་སྔར་ལས་སྐུལ་འདེད་བཏང་ནས། ཁྱིམ་ཚང་གི་འཛད་སྤྱོད་སྦས་ཤུགས་འདོན་སྤེལ་བྱས། ཀོང་ཀྲིག་ཏུ་ད་ལོའི་ཟླ་དང་པོ་ནས་ལྔ་བའི་བར་ཁྱིམ་སྤྱོད་གློག་ཆས་འཛད་སྤྱོད་ཚད་སྒོར་ཐེར་འབུམ་དགུ་ལས་བརྒལ་ཡོད།
ས་གནས་སོ་སོས་ད་དུང་ཞབས་ཞུ་ཇེ་ལེགས་སུ་བཏང་ནས། “གསར་པ་གཉིས”ཀྱི་སྲིད་ཇུས་ལ་མུ་མཐུད་དུ་སྐུལ་འདེད་བཏང་ཡོད། ཀྲེ་ཅང་གིས“རྙིང་ཚབ་གསར་བརྗེ”ཡི་བྱེད་སྒོ་སྡེ་ཁུལ་དང་ཁེ་ལས། སྟེགས་བུ། ལས་ཁུངས། འགྲེམ་ཚོགས་བཅས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས། ཟླ6པ་ནས་ཟླ9པའི་བར། ད་དུང་སྟེགས་བུ་དང་དངུལ་རྩའི་ལས་ཁུངས། ཁེ་ལས་བཅས་མཉམ་འགུལ་བྱས་ཏེ་རེས་སྐོར་གསར་བའི་ཁ་གསབ་བྱེད་སྒོ་སྤེལ་མགོ་བརྩམས། ཧྲའན་ཞི་ཞན་དབྱང་གིས་རྒྱལ་ཁབ་ཀྱི་ཁ་གསབ་ཚོང་ར་སྡེ་ཁུལ་དང་གྲོང་གསེབ་ཏུ་བསྐྱོད་རྒྱུ་དང་ཆབས་ཅིག་ཏུ། གཅིག་འཐུས་རྣམ་པའི་གསར་སྐྱེལ་རྙིང་འདྲུད་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས། སྒོ་ཁྱིམ་དུ་སོང་ནས་འཕྲུལ་ཆས་གསར་བ་སྒྲིག་སྦྱོར་བྱེད་དུས་འཕྲུལ་ཆས་རྙིང་བ་ཚུར་བསྡུ་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་འཛད་སྤྱོད་པར་སྟབས་བདེ་བསྐྲུན། ཀོང་ཞི་ཞིན་ཡའེ་རྫོང་དུ་སྲིད་གཞུང་གིས་ཁ་གསབ་སྟེར་བའི་སྟེང་ཁེ་ལས་ཀྱིས་ཁེ་སྤོགས་སྟེར་བ་བསྣན་ནས། ནུས་གྲོན་འཁྱགས་སྒམ་དང་རིག་ནུས་དྲོད་སྙོམས་འཕྲུལ་ཆས་སོགས་ལྗང་མདོག་རིག་ནུས་ཁྱིམ་སྤྱོད་གློག་ཆས་མང་ཚོགས་ཀྱི་ཁྱིམ་དུ་གང་མགྱོགས་སྒོས་ཐོན་པར་བྱས་ཏེ། རྫོང་ཁོངས་དཔལ་འབྱོར་གྱི་འཛད་སྤྱོད་གསོན་ཤུགས་སྔར་ལས་འཕེལ་བར་བྱས། ད་ལོ་ནས་བཟུང་། ཀོང་ཞི་རང་སྐྱོང་ལྗོངས་ཡོངས་སུ་བསྡོམས་རྩིས་བྱས་ན་རྙིང་ཚབ་གསར་བརྗེ་ཡི་བརྗོད་དོན་བྱེད་སྒོ་ཐེངས་སུམ་སྟོང་ལྷག་སྤེལ་ནས། ཚོང་གཉེར་རང་བདག་ཉིས་ཁྲི་ལྷག་ལ་ཉོ་ཚོང་གྲངས་འབོར་སྒོར་ཐེར་ཆེན་གཉིས་ཐེར་འབུམ་བཞི་ཡན་ཐོབ་རྒྱུར་རོགས་རམ་བྱས།