གསར་འགོད་པས་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཁབ་མཐོ་གསར་ཁུལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་ཁྲག་ཁྲིག་གཉིས་ཐེར་ཆེན་དྲུག་ལ་སླེབས་ཡོད་ཅིང་། དེ་ན་ནིང་གི་དུས་མཉམ་ལས7.3%འཕར་ཡོད་པར་མ་ཟད། གསར་གཏོད་སྒུལ་ཤུགས་དང་ཐོན་ལས་གཅིག་སྡུད་ཀྱི་ཕན་འབྲས་རྒྱུན་མཐུད་ངང་མངོན་འགྱུར་བྱུང་ཡོད།
དེའི་ཁྲོད། ཀྲུང་ཀོན་སྡེ་བའི་རབས་གསར་བའི་ཆ་འཕྲིན་ལག་རྩལ་ཐོན་ལས་ཁྲག་ཁྲིག་ཆེན་མོ་རིམ་པའི་ཐོན་ལས་ཁྱུ་ཚོགས་ཀྱི་གྲས་སུ་ཚུད་པ་དང་། ཝུའུ་ཧན་ཏུང་ཧུའོ་ཡི་འོད་དང་གློག་རྡུལ་ཆ་འཕྲིན་གྱི་ཐོན་ལས་གཞི་ཁྱོན་གྱིས་རྒྱལ་ཡོངས་ཀྱི50%ཟིན་ཡོད། དེ་ལས་གཞན་ད་དུང་རྒྱལ་ཁབ་མཐོ་གསར་ཁུལ་དུ་ཚད་རྡུལ་ཆ་འཕྲིན་དང་མི་གཟུགས་འཕྲུལ་མི། རབས་རྗེས་མའི་སྦྲེལ་དྲ་སོགས་མདུན་གྲལ་ཁྱབ་ཁོངས་བཀོད་སྒྲིག་བྱས་ཟིན་པ་དང་། འབྲེལ་ཡོད་ཀྱི་མ་འོངས་པའི་ཐོན་ལས་འཕེལ་རྒྱས་ཀྱི་དགེ་མཚན་རགས་རམ་སྒོས་ཆགས་ཡོད། མིག་སྔའི་བར་རྒྱལ་ཡོངས་སུ་བསྡོམས་པས་རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁུལ178ཡོད་ལ། རྒྱལ་ཁབ་བཟོ་སྐྲུན་ལས་རིགས་གསར་གཏོད་ལྟེ་གནས70%དང་རྒྱལ་ཡོངས་ཀྱི་གཙོ་གནད་ཚོད་ལྟ་ཁང80%འཛོམས་པ་དང་། གསར་གཏོད་ཆེད་ཁེ་གྲངས་ཀས་རྒྱལ་ཡོངས་ཀྱི་ཕྱེད་ཀ་ཡས་མས་བཟུང་ནས། རྨང་གཞིའི་ཞིབ་འཇུག་ནས་ཉེར་སྤྱོད་འཕོ་འགྱུར་བྱེད་པའི་གསར་གཏོད་ཀྱི་འབྲེལ་ཐག་ཆ་ཚང་ཞིག་རིམ་པར་གྲུབ་ཡོད།
བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་དུས་རིམ་རྗེས་མར་གསར་གཏོད་ཀྱི་ནུས་རིམ་མཐོ་རུ་བཏང་ནས། རྒྱལ་ཁབ་ཀྱི་མཐོ་གསར་ཁུལ་དུ་ནུས་རིམ་མཐོ་བའི་གསར་གཏོད་སྟེགས་བུ་སྔར་ལས་མང་པོ་བཀོད་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ་དང་། ཐོག་མའི་གསར་གཏོད་རང་བཞིན་དང་རྩ་སློག་རང་བཞིན་གྱི་ཚན་རྩལ་གསར་གཏོད་ལ་ཤུགས་བསྣན་ནས། འགག་རྩའི་ལྟེ་བའི་ལག་རྩལ་ཁག་གཅིག་ཐོད་བརྒལ་ཡོང་བར་བྱས་ཏེ། མཐོ་གསར་ལག་རྩལ་ཁུལ་གྱིས་བརྟན་པོའི་ངང་འཕར་བ་དང་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་འཐབ་ཇུས་ཀྱི་འདེགས་སྐྱོར་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་བྱ་རྒྱུ་རེད།