མཚོ་སྔོན་གྱིས་ཞིང་སྡེའི་ཁོར་ཡུག་སྔར་ལས་བདེ་ཐང་གཞིས་འཚམ་ཡོང་བར་སྐུལ་འདེད་བཏང་།
2025.06.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས28ཉིན། གསར་འགོད་པས་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་བསྡུས་པའི་མཚོ་སྔོན་ཞིང་ཆེན་བདེ་ཐང་གྲོང་གསེབ་འཛུགས་སྐྲུན་གནས་ཚུལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། 2018ལོ་ནས2020ལོའི་ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་གི་ལོ་གསུམ་འགུལ་སྐྱོད་ཀྱི་རྨང་གཞིའི་སྟེང་། མཚོ་སྔོན་གྱིས་མུ་མཐུད་དུ་ཞིང་སྡེའི་འཚོ་བའི་གད་སྙིགས་དང་འཚོ་བའི་བཙོག་ཆུ། སྤྱོད་ཁང་གསར་བརྗེ་དང་སྡེ་བའི་ཕྱིའི་རྣམ་པ་བཅོས་སྐྱོང་བྱེད་རྒྱུ་གཙོ་གནད་དུ་བྱས་པའི་ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་མཐོར་འདེགས་གཏོང་བའི་ལོ་ལྔའི་འགུལ་སྐྱོད་ལག་བསྟར་བྱས་ནས། ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་རྒྱུན་མཐུད་ངང་ཇེ་བཟང་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་།

ཞིང་སྡེའི་སྤྱོད་ཁང་གསར་བརྗེའི་བརྒྱུད་རིམ་ཁྲོད། རོང་འབྲོག་དམངས་ཀྱི་སྤྱོད་ཁང་གསར་བརྗེའི་དགོས་མཁོ་རྐང་འཛུགས་ས་རུ་བྱས་པ་དང་། མང་ཚོགས་ཀྱིས་རང་མོས་སྒོས་ཡིག་ཐོག་སྙན་ཞུ་བྱེད་པ་དང་སྲིད་གཞུང་གི་བྱ་དགའི་ཁ་གསབ་མ་དངུལ་གྱིས་སྣེ་ཁྲིད་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་ལག་རྩལ་གྱི་མ་དཔེ་འདེམ་པར་རོགས་བྱེད་པ་སོགས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱས་ནས། ཞིང་སྡེའི་སྤྱོད་ཁང་གསར་བརྗེ་བརྟན་བརླིང་ངང་སྤེལ། ཞིང་སྡེའི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་བྱེད་པའི་ཐད་ནས། ཞིང་སྡེ་འབྲོག་ཁུལ་གྱི་མི་གྲངས་ཀྱི་སྡོད་གནས་ཁ་ཐོར་གནས་བབ་ལ་ཟུང་འབྲེལ་བྱས་ཏེ། གཙོ་བོར་མི་གྲངས་སྡོད་གནས་གཅིག་བསྡུས་ཁུལ་ཁོངས་ལ་བཅོས་སྐྱོང་བྱས་པ་དང་། ཡུལ་བབ་དང་བསྟུན་ནས་བཙོག་ཆུའི་སྦུག་དྲའི་ཁྲོད་འཇུག་པ་དང་གཅིག་བསྡུས་དང་ཡང་ན་ཁ་ཐོར་གྱི་ཐག་གཅོད་སྒྲིག་ཆས་འཛུགས་སྐྲུན་བྱེད་རྒྱུ་སོགས་ཀྱི་བྱེད་ཐབས་སྤྱད་ནས་སྡུད་རུབ་ཐག་གཅོད་བྱས་ནས། ཞིང་སྡེའི་འཚོ་བའི་བཙོག་ཆུ་ཕྱིར་གཏོང་ཐད་ནུས་ལྡན་བཀག་སྡོམ་བྱེད་པར་སྐུལ་འདེད་བཏང་། ཞིང་སྡེའི་འཚོ་བའི་གད་སྙིགས་བཅོས་སྐྱོང་ཐད་ནས། སྡེ་བས་སྡུད་རུབ་བྱེད་པ་དང་ཡུལ་ཚོས་བརྒྱུད་སྐྱེལ་བྱེད་པ། རྫོང་གིས་ཐག་གཅོད་བྱེད་པའི་བཅོས་སྐྱོང་མ་ལག་ཧ་ལམ་བཙུགས་པ་དང་། ཞིང་སྡེ་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་སྡུད་སྐྱེལ་ཐག་གཅོད་མ་ལག་ཡོངས་སུ་ཁེབས་པར་བྱས། སྡེ་བའི་ཕྱིའི་རྣམ་པ་བཅོས་སྐྱོང་བྱེད་པའི་ཐད་ནས། རྒྱུན་རྣམ་ཅན་གྱི་སྒོ་ནས་སྡེ་བའི་གཙང་སྦྲའི་འགུལ་སྐྱོད་སྤེལ་བ་དང་། གཙང་གསུམ་བསྒྱུར་གསུམ་བྱེད་ཐབས་སུ་བྱས་ཏེ། ཡུལ་ཚོ་དང་གྲོང་རྡལ་དང་ཞིང་སྡེའི་སྤྱི་ཐུན་ཁུལ་ཁོངས་གཙོ་བོར་ཆེད་མིས་དོ་དམ་བྱེད་པ་དང་སྒོ་ཁའི་འགན་ལེན་གསུམ་གྱི་འགན་འཁྲི་ཁྱིམ་ཚང་ལ་སྤྲོད་པ་སོགས་ཀྱི་བཅོས་སྐྱོང་རྐྱེན་སྲོལ་གྲུབ་པར་སྐུལ་འདེད་བཏང་བ་དང་། ཞིང་སྡེའི་ཁོར་ཡུག་གཙང་སྦྲ་ཇེ་ལེགས་སུ་བཏང་། 2021ལོའི་ཚུན་དུ། ཞིང་ཆེན་ཡོངས་ཀྱིས་ལོ་རེར་རིམ་པ་སོ་སོའི་ནོར་སྲིད་མ་དངུལ་ཐེར་འབུམ་ལྔ་ལྷག་བཏང་ནས། ས་ཆ་སོ་སོས་ཞིང་སྡེའི་སྤྱོད་ཁང་བསྒྱུར་བཀོད་དང་འཚོ་བའི་གད་སྙིགས། བཙོག་ཆུ་ཐག་གཅོད། སྡེ་བའི་ཕྱིའི་རྣམ་པ་ལེགས་བསྒྱུར་བྱེད་པ་སོགས་ཀྱི་ལས་གཞི་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་པས། སྡེ་བའི་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་།

ནད་བྱུང་བའི་དབང་གིས་གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་བོར་འགྱུར་བར་བཀག་འགོག་བྱེད་པའི་ཕྱོགས་ནས། སྔ་མོ་ནས་ཉེན་ཁ་འཚོལ་བ་དང་དབྱེ་འབྱེད་ཆ་རྐྱེན་གློད་པ། བྱ་བའི་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ། རོགས་སྐྱོར་ཕན་འབྲས་ལ་དོ་སྣང་བྱེད་པ་ལྟར། ལྟ་ཞིབ་རོགས་སྐྱོར་བྱ་བ་ལག་བསྟར་ནན་ཞིབ་བྱེད་པར་སྐུལ་འདེད་བཏང་། ནད་ལྕི་མོ་དང་དལ་བའི་རང་བཞིན་གྱི་ནད། སྨན་བཅོས་རིན་གོང་མཐོ་དྲག་པ་སོགས་ཀྱི་གཞི་གྲངས་ལ་དམིགས་ནས། ནད་བྱུང་ནས་ཕྱིར་དབུལ་བོར་གྱུར་བའི་སྔོན་བརྡའི་ཆ་འཕྲིན་ལ་ཞིབ་བཤེར་བྱས་པ་དང་། སྔ་མོ་ནས་རྟོགས་པ་དང་སྔ་མོ་ནས་གྲལ་བཤེར།  སྔ་མོ་ནས་ཐེ་གཏོགས་བྱས། ནད་ལྕི་མོ་བྱུང་ནས་སྨན་བཅོས་བྱེད་མི་ཐུབ་པའི་ཁྱིམ་ཚང་དང་ཡོང་སྒོ་དམའ་བའི་དབང་བོ་སྐྱོན་ཅན་ལྕི་མོའི་ཁྱིམ་ཚང་། ཆག་སྒོ་བྱུང་བའི་ཁྱིམ་ཚང་། འགན་སྲུང་གསུམ་གྱི་འགུལ་རྣམ་གསར་སྣོན་གནད་དོན་ཁྱིམ་ཚང་སོགས་རིགས་སྣ་བཞི་ཡི་འཚོ་བར་དཀའ་ཁག་ཡོད་པའི་གཙོ་གནད་མི་ཚོགས་ཀྱི་དབྱེ་འབྱེད་ནང་འཇུག་ཆ་རྐྱེན་ལྷོད་གཏོང་བྱས་པ་དང་། ཆ་རྐྱེན་དང་མཐུན་པའི་མི་ཚོགས་དུས་ཐོག་ཏུ་ལྟ་ཞིབ་རོགས་སྐྱོར་གྱི་ཁྱབ་ཁོངས་སུ་བཞག་སྟེ། ནང་འཇུག་བྱེད་དགོས་པ་ཚང་མ་ནང་འཇུག་བྱས་པ་དང་རོགས་སྐྱོར་བྱེད་འོས་པ་ཚང་མར་རོགས་སྐྱོར་བྱེད་པར་ཁག་ཐེག་བྱས། རྫོང་དང་ཡུལ་ཚོ། སྡེ་བ་རིམ་པ་གསུམ་གྱི་མཉམ་འགུལ་རྒྱུན་འཁྱོངས་བྱས་ནས། ཞིང་ཁྱིམ་གྱིས་ཡིག་ཐོག་སྙན་ཞུ་བྱེད་པ་དང་འཚམས་འདྲི་གྲལ་བཤེར་བྱེད་པ། སྡེ་ཁག་གིས་སྔོན་བརྡ་བཏང་ནས་ཉེན་ཁའི་ཁུངས་སྣེ་རྙེད་པའི་ཉིན་ནས་ལྟ་ཞིབ་བྱེད་ཡུལ་དབྱེ་འབྱེད་ངོས་ལེན་བྱེད་པའི་དུས་ཚོད་དེ་ཉིན་བཅོ་ལྔའི་ནང་ཚོད་འཛིན་བྱས། ནད་བྱུང་བའི་དབང་གིས་དབྱེ་འབྱེད་བྱས་པའི་ལྟ་ཞིབ་བྱེད་ཡུལ་ལ་ཁ་གཏད་དེ། ཅི་ཞིག་དཀོན་ན་དེ་ཁ་གསབ་བྱེད་པའི་རེ་བ་ལྟར་རིགས་བགར་རོགས་སྐྱོར་བྱས་པ་དང་། སྨན་བཅོས་རོགས་སྐྱོར་གྱི་བྱེད་ཐབས་ལག་བསྟར་བྱས་པའི་རྨང་གཞིའི་སྟེང་། ངལ་རྩོལ་གྱི་ནུས་པ་མེད་པའི་ཁྱིམ་ཚང་ལ་མཐའ་སྐྱོང་འགན་སྲུང་བྱས་པ་དང་། ངལ་རྩོལ་གྱི་ནུས་པ་ཡོད་པའི་ཁྱིམ་ཚང་ལ་ཉུང་མཐར་ཡང་ཐོན་ལས་ལས་ཞུགས་རིགས་ཀྱི་རོགས་སྐྱོར་བྱེད་ཐབས་སྣ་གཅིག་ལག་བསྟར་བྱས་ནས། ནང་སྐྱེས་སྒུལ་ཤུགས་ཆེར་བསྐྱེད་པ་དང་། རང་ངོས་ཀྱི་ཉེན་འགོག་ནུས་པ་ཇེ་མཐོར་བཏང་།

རིན་ཆེན་མཚོས་བསྒྱུར།