ཟླ6པའི་ཚེས2ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཤེས་བྱའི་བདག་དབང་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི2025ལོ་ནས2027ལོའི་བར་གྱི་ཤེས་བྱའི་བདག་དབང་གི་གཅིག་ཅན་ལྔའི་ལོ་གསུམ་འགག་སྒྲོལ་འགུལ་སྐྱོད་ཀྱི་ཇུས་གཞི་པར་འགྲེམ་བྱས་པ་དང་། གྲོང་ཁྱེར་ཞིག་སྟོབས་ལྡན་དུ་འཛུགས་པ་དང་ཐོན་ལས་ཤིག་ཇེ་རྒྱས་སུ་གཏོང་བ། ཟོང་རྟགས་སྐོར་ཞིག་ལེགས་པོར་བསྐྲུན་པ། སྟེགས་བུ་གཅིག་བསྐྲུན་པ། ལྟེ་གནས་གཅིག་རིམ་སྤོར་བྱེད་པ་བཅས་གཙོ་བོར་བཟུང་ནས། ལོ་གསུམ་གྱི་འགག་སྒྲོལ་འགུལ་སྐྱོད་སྤེལ་བ་དང་། ཤེས་བྱའི་བདག་དབང་གི་བརྒྱུད་རིམ་ཧྲིལ་བོའི་གསར་སྐྲུན་དང་བེད་སྤྱོད། སྲུང་སྐྱོབ། དོ་དམ། ཞབས་ཞུ་བཅས་ཀྱི་ཆུ་ཚད་མཐོར་འདེགས་བཏང་།
གྲོང་ཁྱེར་ཞིག་སྟོབས་ལྡན་དུ་འཛུགས་པར་ཤེས་བྱའི་བདག་དབང་གི་དཔེ་སྟོན་གྲོང་ཁྱེར་འཛུགས་པའི་འགུལ་སྐྱོད་ལག་བསྟར་བྱེད་པ་སྟེ། ཟི་ལིང་གྲོང་ཁྱེར་དེ་མཚོ་སྔོན་གྱི་ཤེས་བྱའི་བདག་དབང་གི་མཐོ་སའི་དཔེ་སྟོན་མ་དཔེ་བསྐྲུན་པ་དང་། ཞིང་ཆེན་ཡོངས་ཀྱིས་ལད་ཟློས་དང་ཁྱབ་གདལ་བཏང་ཆོག་པའི་ཉམས་མྱོང་དང་བྱེད་ཐབས་གྲུབ་པར་བྱས་ནས། ཁུལ་དང་གྲོང་ཁྱེར་གྱི་ཤེས་བྱའི་བདག་དབང་བྱ་བ་སྤྱིའི་ཆ་ནས་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཐོན་ལས་ཤིག་ཇེ་རྒྱས་སུ་གཏོང་བར་ཚྭ་མཚོའི་ཐོན་ལས་ཀྱི་ཤེས་བྱའི་བདག་དབང་གིས་སྟོབས་ནུས་སྩོལ་བའི་འགུལ་སྐྱོད་ལག་བསྟར་བྱེད་པ་སྟེ། ཐོན་ལས་ཀྱི་གནས་བཞི་འཛུགས་པར་དམིགས་ནས། ནུས་ཤུགས་ཡོད་རྒུས་ཚྭ་མཚོའི་ཐོན་ལས་ཀྱི་ཤེས་བྱའི་བདག་དབང་གི་ནུས་མཐོའི་ཚུལ་སྒྱུར་དང་མཐུན་སྦྱོར་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་ཕྲེང་འབྲེལ་དང་གསར་གཏོད་ཕྲེང་འབྲེལ། ཞབས་ཞུའི་ཕྲེང་འབྲེལ། འཇོན་མིའི་ཕྲེང་འབྲེལ་བཅས་ཕྲེང་འབྲེལ་བཞི་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་དགོས། ཟོང་རྟགས་སྐོར་ཞིག་ལེགས་པོར་བསྐྲུན་པར་ས་ཁམས་མཚོན་རྟགས་ཀྱིས་གྲོང་གསེབ་དར་སྤེལ་ལ་རོགས་ཤུགས་འདོན་པའི་འགུལ་སྐྱོད་ལག་བསྟར་བྱེད་པ་སྟེ། མཚོ་སྔོན་ཞིང་ཆེན་གྱི་ས་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་ལ་དམིགས་ནས། སྐོར་ཞིག་སྔོག་འདོན་དང་། སྐོར་ཞིག་གསར་སྤེལ། སྐོར་ཞིག་སྲུང་སྐྱོབ་བྱེད་པ་བཅས་ཀྱི་རྩ་དོན་ལྟར། ས་ཁམས་མཚོན་རྟགས་ཀྱི་ཟོང་རྟགས་ཐོན་རྫས་རིམ་བཞིན་གསར་སྤེལ་བྱེད་དགོས། སྟེགས་བུ་གཅིག་བསྐྲུན་པར་ཤེས་བྱའི་བདག་དབང་གི་ཞབས་ཞུའི་སྤྱི་ཕན་ནུས་མཐོའི་འགུལ་སྐྱོད་ལག་བསྟར་བྱེད་པ་སྟེ། ཤེས་བྱའི་བདག་དབང་གི་སྤྱི་བའི་ཞབས་ཞུའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཤེས་བྱའི་བདག་དབང་གི་སྤྱི་བའི་ཞབས་ཞུའི་སྤྱི་ཕན་ལས་གཞིར་སྐུལ་འདེད་གཏིང་ཟབ་གཏོང་བ། ཤེས་བྱའི་བདག་དབང་གི་ལས་སྒོ་དྲ་དངོས་སུ་གཅིག་འདུས་ཀྱིས་བསྒྲུབ་པར་སྐུལ་འདེད་བཏང་ནས། དྲ་དངོས་གཅིག་ནས་མཉམ་དུ་བསྒྲུབ་པ་དང་མཉམ་དུ་ཞིབ་བཤེར་བྱེད་པ་མངོན་འགྱུར་འབྱུང་དགོས། ལྟེ་གནས་གཅིག་རིམ་སྤོར་བྱེད་པར་ཤེས་བྱའི་བདག་དབང་གི་མཐུན་སྦྱོར་སྲུང་སྐྱོབ་འགུལ་སྐྱོད་ལག་བསྟར་བྱེད་པ་སྟེ། མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་བདག་དབང་སྲུང་སྐྱོབ་ལྟེ་གནས་འཛུགས་པ་དང་། ལྟེ་གནས་ཀྱིས་ཤེས་བྱའི་བདག་དབང་གི་མཐུན་སྦྱོར་སྲུང་སྐྱོབ་དང་ཐོན་ལས་གསར་གཏོད་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་པར་བྱས་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་དུ་འགྱུར་བར་བྱེད་དགོས།
རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཤེས་བྱའི་བདག་དབང་ཅུའུ་ཡིས་བྱ་བའི་བཀོད་གཏོང་དང་ཆ་འཕྲིན་ཁྱབ་བསྒྲགས་སོགས་རྒྱུན་རྣམ་ཅན་གྱི་བྱ་བའི་རྐྱེན་སྲོལ་བརྒྱུད་དེ། བྱ་བ་སྣ་ཚོགས་གོ་རིམ་བཞིན་སྤེལ་བར་སྐུལ་འདེད་གཏོང་བ་དང་། 2027ལོའི་ལོ་མཇུག་ཏུ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཤེས་བྱའི་བདག་དབང་གི་ཕྲེང་འབྲེལ་ཧྲིལ་བོའི་མ་ལག་བསྐྲུན་པར་བརྩོན་ལེན་བྱས་ནས། དགོས་མཁོ་ཡིས་འདོན་སྤྲོད་ལ་སྣེ་ཁྲིད་བྱེད་པ་དང་འདོན་སྤྲོད་ཀྱིས་དགོས་མཁོ་བསྐྲུན་པའི་འཕེལ་རྒྱས་ཀྱི་རྣམ་པ་ལེགས་ཤོས་ཆགས་པར་བྱེད་ལ། ཞིང་ཆེན་གྱི་གྲོང་ཁྱེར་གྱི་ཤེས་བྱའི་བདག་དབང་གི་མཐོ་སའི་ཁྲིད་སྟོན་བྱེད་ནུས་སྔར་ལས་མངོན་པར་བྱེད་པ་དང་། ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་མཉམ་འགུལ་ཤུགས་འདོན་གྱི་བྱེད་ནུས་སྔར་ལས་མངོན་པར་བྱས་ཏེ། ཤེས་བྱའི་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་སྤྱི་ཚོགས་ཀྱི་ཡིད་ཚིམ་ཚད་རིམ་བཞིན་ཇེ་མཐོར་གཏོང་རྒྱུ་རེད།
ལྷ་མོ་འཚོས་བསྒྱུར།