ཟླ6པའི་ཚེས2ཉིན། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་རིམ་པའི་རྨ་གསོ་ལྟེ་གནས་དང་བྲང་གཟེར་ལྟེ་གནས་ལ་སྐུལ་འདེད་གཏོང་བའི་གྲོས་ཚོགས་བསྡུས་པ་དང་བསྟུན་ནས་ཡུས་ཧྲུའུ་ཁུལ་གྱིས་འཕྲལ་བཅོས་སྐྱོབ་བཅོས་ཀྱི་ལྟེ་གནས་ལྔ་སྟེ། བྲང་གཟེར་ལྟེ་གནས་དང་གཟའ་ནད་ལྟེ་གནས། རྨ་གསོ་ལྟེ་གནས། ཉེན་ཁ་ཆེ་བའི་སྦྲུམ་མ་སྐྱོབ་བཅོས་ལྟེ་གནས། ཉེན་ཁ་ཆེ་བའི་གསར་བཙས་ཕྲུ་གུ་སྐྱོབ་བཅོས་ལྟེ་གནས་བཅས་ལེགས་པར་བཙུགས།
ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་གིས་འཕྲལ་བཅོས་མྱུར་སྐྱོབ་གྱི་ལྟེ་གནས་ལྔ་བཙུགས་པ་ནི་ཡུས་ཧྲུའུ་ཁུལ་འཕྲོད་བསྟེན་བདེ་ཐང་ལས་རིགས་ཀྱི་འཕེལ་རྒྱས་ཐད་ཀྱི་གལ་ཆེ་བའི་རྡོ་རིང་ཞིག་ཡིན་ལ། ཁུལ་ཡོངས་ཀྱི་བྲེལ་འཚུབ་ཆེ་བ་དང་ཉེན་ཁ་ཆེ་བ། ཚབས་ཆེ་བ་བཅས་ཀྱི་ནད་པ་སྐྱོབ་བཅོས་བྱེད་པའི་སྒྲིག་གཞིའི་མཆོང་སྐྱོད་རང་བཞིན་གྱི་འཕེལ་རྒྱས་མཚོན་ཡོད། རྨ་གསོ་དང་གཟའ་ནད། བྲང་གཟེར། ཉེན་ཁ་ཆེ་བའི་སྦྲུམ་མ་དང་གསར་བཙས་ཕྲུ་གུ་བཅས་ཁུལ་ཁུངས་ཡོངས་ལ་ཁྱབ་པའི་དྲ་རྒྱ་འཐེན་པ་བརྒྱུད་ཁུལ་ཁུངས་ཀྱི་སྨན་བཅོས་སྐྱོབ་བཅོས་ནུས་པ་དང་ཞབས་ཞུའི་ནུས་པ་མཐོར་འདེགས་བཏང་བར་མ་ཟད། གཞི་རིམ་གྱི་ཐོག་མའི་སྐྱོབ་བཅོས་ནུས་པ་ཇེ་མཐོར་བཏང་ནས་ནད་བརྟག་སྨན་བཅོས་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་ལ། བྲེལ་འཚུབ་དང་ཉེན་ཁ་ཆེ་བ་དང་ཚབས་ཆེ་བ་བཅས་ཀྱི་ནད་པ་སྐྱོབ་བཅོས་བྱེད་པའི་ཆེས་བཟང་བའི་དུས་ཡུན་གྱི་ཕན་ནུས་རྒྱ་བསྐྱེད་བཏང་། སྐད་གཉིས་ཞབས་ཞུ་དང་གེགས་མེད་བགྲོད་ལམ་སོགས་དམངས་ལ་སྟབས་བདེ་བཟོ་བའི་བྱེད་ཐབས་ཁག་ཅིག་ལག་བསྟར་བྱས་ཏེ། ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་སྨན་བཅོས་མྱོང་བ་ཇེ་བཟང་དུ་བཏང་བ་དང་། ཐག་ཉེ་ནས་སྨན་བཅོས་བྱེད་པ་དང་དུས་ཐོག་ཏུ་སྨན་བཅོས་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པ་མངོན་འགྱུར་བྱས་ནས་མཐོ་སྒང་གི་མང་ཚོགས་ཀྱི་སྨན་བཅོས་བྱེད་དཀའ་བའི་གནད་དོན་ཐག་བཅད།
ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚན་ཁག་མང་པོས་གཞོག་འདེགས་བྱེད་པ་དང་། བྲེལ་འཚུབ་ཆེ་བ་དང་ཉེན་ཁ་ཆེ་བ། ཚབས་ཆེ་བ་བཅས་ཀྱི་ནད་པ་སྐྱོབ་བཅོས་བྱེད་པའི་གོ་རིམ་རྒྱུན་མཐུད་ངང་ལེགས་སྒྱུར་བྱས་ཏེ། ཆ་འཕྲིན་ཅན་གྱི་སྟེགས་བུ་འཛུགས་སྐྲུན་དང་རྒྱང་བསྟེན་སྨན་བཅོས་ཀྱི་རོགས་འདེགས་ལ་ཤུགས་བསྣན་ལ། སྨན་བཅོས་ཐོན་ཁུངས་ལེགས་ཤོས་གཞི་རིམ་དུ་རྒྱ་བསྐྱེད་པར་སྐུལ་འདེད་བཏང་། དེ་དང་དུས་མཉམ་དུ་སྨན་བཅོས་མི་སྣས་ཆེད་ལས་རྩལ་ རེས་མོས་བཞིན་སྦྱོང་བ་དང་འཕྲལ་བཅོས་འཁྲབ་སྦྱོང་བྱས་ནས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་སྨན་བཅོས་ཐད་ཀྱི་ཐོབ་ཚོར་དང་ཡིད་ཆེས་ཆེ་རུ་བསྐྱེད།
མི་ཕམ་མགོན་པོས་བསྒྱུར།