ཟླ6པའི་ཚེས3ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ནས་ཤེས་གསལ་ལྟར་ན། ཟི་ལིང་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་མ་མཐའི་རྒན་གསོའི་འགན་བཅོལ་གྱི་ཐུན་མོང་ཁ་གསབ་ཚོད་ལྟའི་ལས་འགན་ལ་ཞིང་ཆེན་ཡོངས་ཀྱི་སྔོན་ལ་སྐུལ་འདེད་བཏང་། སྟོང་སྐོར་རྫོང་པེ་ཧྲན་སྡེ་བ་དང་། མཁར་ཤུལ་ས་ཁུལ་ཝང་ཅ་གྲོང་སྡེ་བ། ཧོང་ཀྲོང་ས་ཁུལ་རྒྱ་ཡག་སྡེ་བ་བཅས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མང་ཚོགས181ལ་ཐུན་མོང་ཁ་གསབ་སྒྱུར་བཅོས་ཀྱི་ཁེ་སྤོགས་སྒོར་ཁྲི་གཉིས་དང་སྟོང་གསུམ་བརྒྱད་བརྒྱ་དང་། མི་སྒེར་གྱི་རྩིས་ཐོའི་གསོག་ཉར་དངུལ་འབོར་མི་རེར་ཆ་སྙོམས་སྒོར་བརྒྱ་དང་སོ་གཅིག་འཕར་ནས་ཞིང་ཆེན་ཡོངས་ཀྱི་ཐུན་མོང་ཁ་གསབ་སྲིད་ཇུས་ལག་བསྟར་གྱི་སྟོང་ཆ་བསྐངས་ཡོད་པ་རེད།
ཟི་ལིང་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་ཐུན་མོང་ཁ་གསབ་ཚོད་ལྟའི་ལས་འགན་དེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་ཞབས་ཞུའི་འགག་སྒྲོལ་དཀའ་སེལ་གྱི་གསལ་ཐོའི་ནང་བཅུག་ནས“སྔོན་ལ་ཚོད་ལྟ་བྱེད་པ་དང་། བརྟན་པོའི་ངང་སྐུལ་འདེད་གཏོང་བ། རིམ་བཞིན་ཁྱབ་གདལ་གཏོང་བ”བཅས་ཀྱི་ལས་ཀའི་རྩ་དོན་གཞིར་བཟུང་ནས། གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུའུ་དང་འབྲེལ་མཐུད་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་སྡེ་བའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཡོང་འབབ་དང་མི་སྣ་འགན་བཅོལ་ནང་ཞུགས་པ་སོགས་ཞིབ་ཕྲའི་ཆ་འཕྲིན་གསེད་བཀྲོལ་བྱས་པ་དང་། ཆེད་དོན་བྱ་བའི་ཚོ་ཆུང་རྫོང་དང་ཆུའུ་ཡི་ཁོངས་གཏོགས་སྡེ་བར་བསྐྱོད་དེ། སྲིད་ཇུས་སྒྲོག་འགྲེལ་དང་བརྒྱུད་རིམ་མཛུབ་ཁྲིད་ཐེངས20ལྷག་ཙམ་བྱས་པ། ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་བརྟན་པོ་དང་། སྤྱི་ཡོངས་ཀྱི་ཧུར་བརྩོན་རང་བཞིན། ཆ་རྐྱེན་ཅུང་ལེགས་པའི་པེ་ཧྲན་སྡེ་བ། ཝང་ཀྲང་སྡེ་བ། རྒྱ་ཡག་སྡེ་བ་བཅས་ཚོད་ལྟའི་སྡེ་བ་ཁག་དང་པོར་བདམས་པ་རེད། “སྡེ་བ་རེར་ཐབས་ཇུས་རེ”རྒྱུན་འཁྱོངས་དང་། སྡེ་བའི་དོན་དངོས་དང་ཟུང་འབྲེལ་བྱེད་པར་མཛུབ་སྟོན་བྱས་ཏེ།《གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་ཐུན་མོང་ཁ་གསབ་ཇུས་གཞི》ཇུས་འགོད་གཏན་འབེབས་དང་། 《གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་ཐུན་མོང་གི་དཔལ་འབྱོར་ཁ་གསབ་རོགས་དངུལ་གྱི་གྲོས་མཐུན》བཟོ་བཅོས་དང་འཐུས་ཚང་དུ་བཏང་སྟེ། རེ་ཞུའི་དཔྱད་ཡིག་ངོ་མ་དང་། མ་དངུལ་འཁོར་སྐྱོད་ཚད་ལྡན། བརྒྱུད་རིམ་ཡོངས་བསྒྲགས་ཁ་གསལ། ཁ་གསབ་གནད་སྨིན་དོན་འཁྱོལ་བཅས་ཡོང་བར་འགན་ལེན་བྱས།
ཧོང་ཡོན་རྫོང་གི་པེ་ཧྲན་སོགས་སྡེ་བ་གསུམ་གྱི་ཚོད་ལྟའི་ལག་ལེན་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ། སྡེ་བ་སོ་སོའི་ཁ་གསབ་མ་དངུལ་གཏོང་སྤྲོད་ཞིབ་བཤེར་བརྒྱུད་རིམ་རིང་བ་སོགས་ཀྱི་ལས་ཀའི་གནད་དོན་ལ་དམིགས་ནས། ཧུར་ཐག་སྒོས་ཁྲལ་དོན་དང་དངུལ་ཁང་སོགས་སྡེ་ཁག་དང་འབྲེལ་མཐུད་བྱས་ཏེ། གྲོན་དངུལ་སྤྲོད་པའི་ཐབས་ལམ་དང་མ་དངུལ་ཞིབ་བཤེར་བྱེད་པ་སོགས་འགོར་འགྱངས་བྱེད་པའི་གནད་དོན་ཐག་གཅོད་བྱས། ས་ཁུལ་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“ཀུན་ལ་ཕན་པ་དང་གཟིགས་སྐྱོང་བྱེད་དགོས་པའི་མང་ཚོགས་གཙོ་གནད་དུ་བཟུང་ནས”ཕྱོགས་མང་ཁ་གསབ་བྱེད་སྟངས་འཚོལ་ཞིབ་དང་ཁྱབ་གདལ་གཏོང་དགོས། དེའི་ཁྲོད་མཁར་ཤུལ་ཁུལ་ཝང་ཅ་སྡེ་བས་མ་མཐའི་འཚོ་བའི་འགན་ལེན་དང་། དཀའ་ངལ་ཤིན་དུ་ཆེ་བ། དབང་པོ་སྐྱོན་ཅན་སོགས་དཀའ་ངལ་ཡོད་པའི་ཚོགས་སྤྱིར་གཟིགས་སྐྱོང་ཁ་གསབ་སྔོན་ལ་སྤྲོད་རྒྱུ་དང་སྲིད་གཞུང་གིས་ཚབ་བྱས་ཏེ་སྤྲོད་པའི་རྨང་གཞིའི་ཐོག་མི་རེར་ཁ་གསབ་སྒོར100རེ་སྤྲོད་རྒྱུ། ཧོང་ཡོན་རྫོང་པེ་ཧྲན་སྡེ་བ་དང་ཧོང་ཀྲོང་ཆུའུ་རྒྱ་ཡག་སྡེ་བས་འགན་བཅོལ་ནང་ཞུགས་ནས་གྲོན་དངུལ་འཇལ་བའི་མཉམ་སྡེབ་དཔལ་འབྱོར་ཁོངས་མིར་ཀུན་ཕན་མ་དངུལ་གྱི་ཁ་གསབ་སྒོར200དང་སྒོར100རེ་སོ་སོར་དོན་འཁྱོལ་བྱེད་རྒྱུ་རེད།
ཚེ་མགོན་རྒྱལ་གྱིས་བསྒྱུར།