ཟླ6པའི་ཚེས4ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱིས་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ལ་རོགས་རམ་དང་སྐུལ་འདེད་གཏོང་ཆེད། དྲ་སྦྲེལ་གྱི་འཚམས་འདྲིའི་མྱུར་ཚད་དང་བདེ་འཇགས་རང་བཞིན་ཆེ་རུ་གཏོང་བ་དང་། བཟོ་ལས་དང་ཆ་འཕྲིན་ཅན་གྱི་སྡེ་ཁག་གིས་ ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཀྲུང་གོའི་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་ཀྱི་རོགས་འདེགས་འོག ཉེ་སྔོན། མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་རྒྱལ་ཁབ་གྱི་རིམ་པ་རྩེ་གྲས་ས་ཁོངས་ཀྱི་མིང་དབྱེ་ཞིབ་དང་ལས་གཞི་འཛུགས་སྐྲུན་བྱེད་མགོ་བརྩམས།
ལས་གཞི་དོན་འཁྱོལ་ལ་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་ཆ་འཕྲིན་དོ་དམ་ཅུའུ་ཡིས་ཚད་མཐོའི་མཐོང་ཆེན་བྱས་ནས། ལས་གཞི་སྐུལ་སྤེལ་ཆེད་དམིགས་འཛིན་གྲྭ་བཙུགས་པ་དང་། ཐེངས་མང་པོར་ཀྲུང་གོའི་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་དང་རྨང་གཞིའི་གློག་འཕྲིན་ཁེ་ལས་ཁག་དང་སྦྲེལ་མཐུད་གཏིང་ཟབ་དང་ཆེད་དོན་བརྟག་ཞིབ་བྱས་ལ། ལས་གཞི་འཛུགས་སྐྲུན་དབྱེ་ཞིབ་ཀྱི་བྱེད་འཐུས་རང་བཞིན་དང་། ལས་གཞི་འཛུགས་སྐྲུན་ཇུས་གཞི་ལ་ཞིབ་འཇུག་བྱས་ནས། ལས་གཞི་འཛུགས་སྐྲུན་ཐོན་ཁུངས་གྲབ་གསོག་བྱས། རིགས་པས་ཁུངས་སྐྱེལ་གང་ལེགས་དང་བརྩོན་ལེན་ཧུར་ཐག་བྱས་པ་བརྒྱུད། བཟོ་ལས་དང་ཆ་འཕྲིན་ཅན་སྡེ་ཁག་གིས་ཞིབ་བཤེར་ལ་མོས་མཐུན་བྱུང་ནས་མཚོ་སྔོན་ནས་རྒྱལ་ཁབ་ཀྱི་རྩེ་གྲས་ས་ཁོངས་ཀྱི་མིང་དབྱེ་ཞིབ་གཙོ་གནད་ས་ཚུགས་འཛུགས་སྐྲུན་བྱས།
མཚོ་སྔོན་ཞིང་ཆེན་ཆ་འཕྲིན་དོ་དམ་ཅུའུ་ཡིས་རྒྱུན་མཐུད་ངང་ལས་གཞི་སྐུལ་འདེད་ལ་ཤུགས་བསྣན་ནས། ཞིང་ཆེན་ཡོངས་ཀྱི་ཆ་འཕྲིན་འཕྲིན་གཏོང་ལས་རིགས་རྩ་འཛུགས་བྱེད་པ་དང་ཀྲུང་གོའི་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་དང་མཐུན་སྦྱོར་བྱས་ནས། སྐབས་སོ་སོའི་འཛུགས་སྐྲུན་དམིགས་ཡུལ་ཞིབ་ཕྲ་ཅན་དུ་གཏོང་བ་དང་། ལས་འགན་དང་ལས་བགོས། བརྒྱུད་རིམ་ཧྲིལ་བོར་འཛུགས་སྐྲུན་གྱི་མྱུར་ཚད་ཚོད་འཛིན་བྱས་ཏེ། ཟླ8པའི་ཟླ་མཇུག་བར་དུ་ཧུར་ཐག་སྒོས་ཚད་གཞི་མཐོ་བ་དང་། ལས་ཕྱོད་མཐོ་བ། སྤུས་ཚད་མཐོ་བའི་སྒོ་ནས་མཚོ་སྔོན་གྱི་གྲངས་འཛིན་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དྲ་རྒྱའི་འདེགས་སྐྱོར་དང་བདེ་འཛགས་འགན་ལེན་བརྟན་པོ་བྱེད་རྒྱུ་རེད།
ཏིང་འཛིན་མཚོ་མོས་བསྒྱུར།