ཟླ6པའི་ཚེས5ཉིན། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོ་སྤྱི་ཚོགས་ཕན་བདེ་ཐེབས་རྩ་ཚོགས་པའི་ཐུགས་ཁུར་འོག 2023ལོའི་རིན་མེད་གུང་ཟས་ཕྱོགས་ཡོངས་ནས་ཡུས་ཧྲུའུ་རུ་བཀོད་སྒྲིག་བྱས་པ་དང་། རིན་མེད་གུང་ཟས་ལས་གཞིས་ཁུལ་ཡོངས་ཀྱི་སློབ་སྔོན་དགེ་སློབ་ཀྱི་རིན་མེད་བདེ་འཇགས་དང་ཉིང་བཅུད་ལྡན་པའི་གུང་ཟས་ཟ་ཐུབ་པར་བྱས། མིག་སྔའི་བར་དུ། ལས་གཞི་དེས་བསྡོམས་པས་བྱིས་གཉོར་ཁང་གྱ་བདུན་དུ་རིན་མེད་གུང་ཟས་བཀོད་སྒྲིག་བྱས་པ་དང་། དེས་ཁུལ་ཡོངས་ཀྱི་བྱིས་གཉོར་ཁང་གི་བརྒྱ་ཆའི་ང་བཞི་དང་གྲངས་ཆུང་བདུན་ཟིན། ལས་གཞིའི་ཐད་བསྡོམས་པས་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་གསུམ་ཁྲི་དགུ་བཏང་ནས། ཡུས་ཧྲུའུ་ཡི་སློབ་སྔོན་བྱིས་པ4789དང་དགེ་རྒན1632ཡིས་རིན་མེད་བདེ་འཇགས་དང་ཉིང་བཅུད་ལྡན་པའི་གུང་ཟས་ཟ་ཐུབ་པར་བྱས།
རིན་མེད་གུང་ཟས་ལས་གཞིས་དགེ་སློབ་སྔར་ལས་མང་པོར་ཕན་འདོགས་ཆེད། ཡུས་ཧྲུའུ་ཁུལ་སྲིད་གྲོས་ཀྱིས་རང་སྟེང་གི་དགེ་མཚན་འདོན་སྤེལ་བྱས་ནས། རིན་མེད་གུང་ཟས་བྱ་བ་དང་སྲིད་གྲོས་ལས་སྒོའི་བྱ་བ་གཉིས་མཉམ་དུ་བཀོད་སྒྲིག་དང་མཉམ་དུ་ལག་བསྟར། མཉམ་དུ་ཞིབ་བཤེར་བྱས། གྲོང་ཁྱེར་དང་རྫོང་སོ་སོའི་སྲིད་གྲོས་ཀྱིས་རིན་མེད་གུང་ཟས་བྱ་བ་དེ་ཨུ་ཡོན་གྱིས་དམངས་གཙོ་ལྟ་སྐུལ་བྱེད་པ་དང་ཀྲུའུ་རིན་གྱིས་ལྟ་ཞིབ་བྱེད་པ། ཨུ་ཡོན་གྱིས་ལྟ་ཞིབ་བྱེད་པའི་ནང་དོན་གལ་ཆེན་དུ་བརྩིས་ཏེ། དུས་ཆད་གཅོད་པ་དང་ཡང་ན་དུས་ངེས་མེད་དུ་རིན་མེད་གུང་ཟས་བཀོད་སྒྲིག་བྱས་པའི་བྱིས་གཉོར་ཁང་དུ་སོང་ནས་བྱིས་གཉོར་ཁང་གི་ཟ་མའི་རྒྱུ་སྤུས་ལ་ཞིབ་བཤེར་བྱས། དེ་དང་མཉམ་དུ། ཁུལ་སློབ་གསོ་པུའུ་ཡིས་སྣེ་ཁྲིད་པ་དང་། ཚོང་རའི་ལྟ་སྐུལ་དོ་དམ་དང་འཕྲོད་བསྟེན་བདེ་ཐང་། སྤྱི་བདེ་སོགས་སྡེ་ཁག་ལ་མཉམ་འབྲེལ་བྱས་ནས། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་བརྒྱུད་རིམ་འཐུས་ཚང་དུ་གཏོང་བ། འགན་འཁྲི་གཏན་ཁེལ་བྱེད་པའི་རྣམ་པ་བརྒྱུད་དེ། རིན་མེད་གུང་ཟས་དེ་རྒྱུ་དག་བཟོ་སྐྲུན་དུ་བསྒྲུབ་པར་ཁག་ཐེག་བྱས། ས་དེ་ནས་ཉོ་བ་དང་ཕྱོགས་གསུམ་གྱིས་ཞིབ་བཤེར་བྱེད་པའི་མ་དཔེ་ཁྱབ་གདལ་བཏང་བ་དང་། བཟའ་བཅའི་རྒྱུ་ཆའི་ཐོན་ཁུངས་གསལ་བར་ཁག་ཐེག་བྱས་པར་མ་ཟད། ཉིན་རེ་བཞིན་ཉོ་སྒྲུབ་ཀྱི་གསལ་ཕྲ་ཡོངས་བསྒྲགས་བྱས་ནས། བཟའ་བཅའི་རྒྱུ་ཆའི་མཁོ་འདོན་གྱི་བརྒྱུད་རིམ་ཧྲིལ་བོ་གསལ་བོ་བྱས། རིག་སྟོབས་ཟ་ཁང་གི་གཞི་གྲངས་ཅན་གྱི་དོ་དམ་སྟེགས་བུར་རྒྱབ་རྟེན་བྱས་ནས། བཟའ་བཅའི་རྒྱུ་ཆའི་ཞིབ་བཤེར་རྩིས་ལེན་དང་ལས་སྣོན་གཡོས་སྦྱོར། བགོ་བཤའ་བརྒྱུད་སྐྱེལ་སོགས་དུས་རིམ་གྱི་ཕྲེང་འབྲེལ་ཧྲིལ་བོའི་མཐོང་ཆོག་བཀག་སྡོམ་མངོན་འགྱུར་བྱས་པ་དང་། ཚན་རྩལ་གྱི་བྱེད་ཐབས་ལ་བརྟེན་ནས་ཁ་ཟས་ཀྱི་བདེ་ཐང་ལ་འགན་སྲུང་བྱས། ཆེད་དོན་རྩིས་ཐོ་བཙུགས་པ་དང་། ཆེད་སྤྱོད་མ་དངུལ་གྱི་བཀོལ་སྤྱོད་གནས་ཚུལ་ལ་ཞིབ་བཤེར་བྱས་པ་མ་ཟད། སློབ་རའི་བཟའ་་ཆེད་དོན་བཅོས་སྐྱོང་བྱ་བར་ཟུང་འབྲེལ་བྱས་ནས། རིན་མེད་ཟ་མའི་ལྟ་སྐུལ་དོ་དམ་རྐྱེན་སྲོལ་རྒྱུན་མ་ཆད་པར་འཐུས་ཚང་དུ་བཏང་།
རིན་ཆེན་མཚོས་བསྒྱུར།