ཟླ6པའི་ཚེས5ཉིན། འཛམ་གླིང་གི་ཁོར་ཡུག་ཉིན་མོ་ཐེངས་ང་བཞི་པ་སླེབས་ལ་ཉེ་དུས། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་མཉམ་འབྲེལ་སྒོས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། མཚོ་སྔོན་གྱི་ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་ཤུགས་འདོན་པའི་དཔེ་མཚོན་གྱོད་དོན་བཅུ་ཁྱབ་བསྒྲགས་བྱས་པ་དང་། དེའི་ཁྲོད་སྐྱེ་ཁམས་གཏོར་བརླག་གི་སྐྱིན་ཚབ་གྱོད་དཔེ་བཞི་དང་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་སྤྱི་ཕན་ཞུ་གཏུག་གྱོད་གཞི་དྲུག་ཡོད་ལ། རང་ཞིང་གི་སྐྱེ་ཁམས་ཁྲིམས་འཛིན་སྲུང་སྐྱོབ་ཀྱི་ཕན་འབྲས་གཅིག་བསྡུས་སྒོས་མངོན་ཡོད།
ཐེངས་འདིར་ཁྱབ་བསྒྲགས་བྱས་པའི་གྱོད་དཔེ་སོ་སོར་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་བཟོ་སྐྲུན་ལས་གཞིའི་ཚད་ཡོད་ཀུང་ཟི་ག་གེ་མོས་རྩྭ་སར་གཏོར་བརླག་བཟོས་པ་དང་། མཚོ་ཤར་གྲོང་ཁྱེར་གྱི་འཛུགས་སྐྲུན་རྒྱུ་ཆ་ཕྱིར་འཚོང་ཚད་ཡོད་ཀུང་ཟི་ག་གེ་མོའི་འདམ་ཞོས་ཆུ་བོའི་སྨད་རྒྱུད་ཀྱི་ཞིང་སར་གཏོར་བརླག་བཟོས་པ་སོགས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བཟོས་ནས་སྐྱིན་ཚབ་འཇལ་བའི་གྱོད་དོན་བཞི་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་གནའ་ཤིང་སྲུང་སྐྱོབ་ལ་ལྟ་སྐུལ་བྱེད་པ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་རྨ་ཆུའི་ཆུ་ལག་ཆུ་ལམ་དུ་ཁྲིམས་འགལ་གྱིས་བྱེ་མ་བརྐོ་བ་སོགས་སྤྱི་ཕན་ཞུ་གཏུག་གྱོད་དོན་དྲུག་ཡིན་ཞིང་། དེ་རྩྭ་ཐང་ཉམས་གསོ་དང་ཆུ་ལམ་བཅོས་སྐྱོང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ་སོགས་ཀྱི་ཁྱབ་ཁོངས་གཙོ་བོར་ཁེབས་ཡོད།
ཉེ་བའི་ལོ་འགའི་རིང་། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་། མདོ་ལ་རི་བོ། མཚོ་སྔོན་པོ་སོགས་ཁུལ་ཁོངས་གཙོ་བོ་སྲོག་ཤིང་དུ་བརྩིས་ནས། ཁུལ་ཁོངས་ཞིབ་བཤེར་དང་སྐོར་སྐྱོད་ཞིབ་བཤེར། ཆེད་དོན་བཅོས་སྐྱོང་བཅས་མཉམ་འབྲེལ་གྱི་སྒྲིག་གཞི་གསར་སྐྲུན་བྱས་པ་དང་། 2023ལོའི་ཚུན་ལ་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་གྱོད་དོན2775ཐག་གཅོད་བྱས། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་སྡེ་ཁག་མང་པོ་དང་མཐུན་སྦྱོར་བྱས་ནས་སྲིད་ཇུས་རབ་དང་རིམ་པ་བཏོན་ཞིང་། ལམ་ལུགས་ཀྱི་དགེ་མཚན་དེ་བཅོས་སྐྱོང་གི་ཕན་འབྲས་སུ་མགྱོགས་མྱུར་ངང་ཚུལ་སྒྱུར་བྱས་ཏེ། 2024ལོའི་ལོ་མཇུག་བར་དུ། ཞིང་ཆེན་ཡོངས་སུ་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བཟོས་ནས་སྐྱིན་ཚབ་འཇལ་བའི་གྱོད་དོན224ཐག་གཅོད་བྱས་ཡོད། གོ་རིམ་རྗེས་མར། མཚོ་སྔོན་གྱི་རིམ་པ་སོ་སོའི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་དང་མཉམ་ལས་ཟབ་སྤེལ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བཟོས་ནས་སྐྱིན་ཚབ་འཇལ་བ་དང་ཞིབ་དཔྱོད་ཀྱི་སྤྱི་ཕན་ཞུ་གཏུག་ལམ་ལུགས་སྦྲེལ་མཐུད་ལེགས་པོ་བྱེད་ལ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཐབས་ལམ་ལེགས་སྒྱུར་བྱེད་པ་དང་། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ལ་རྒྱུན་མཐུད་སྒོས་ཤུགས་བསྣན་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་རོགས་ཤུགས་འདོན་རྒྱུ་རེད།
ལྷ་མོ་འཚོས་བསྒྱུར།