2025ལོའི་མཐོ་རྒྱུགས་སླེབས་ལ་ཉེ་དུས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མེ་ཟོན་སྡེ་ཁག་གིས་ཕྱོགས་ཡོངས་ནས་རྒྱུགས་ར་དང་དེའི་ཉེ་འཁོར་གྱི་མེ་ཟོན་བདེ་འཇགས་ལ་ཞིབ་བཤེར་བྱས་ཏེ། མི་མངོན་པའི་རྐྱེན་ངན་ལ་གྲལ་བཤེར་བྱས་པ་དང་། འཕྲལ་བསྟུན་ལས་སྲུང་ཇེ་ལེགས་སུ་བཏང་ནས། རྒྱུགས་ཞུགས་སློབ་མར་བདེ་འཇགས་བརྟན་བརླིང་གི་རྒྱུགས་ལེན་ཁོར་ཡུག་ལེགས་པོ་ཞིག་བསྐྲུན།
བསྟུད་མར་ཉིན་འགའི་རིང་། མེ་ཟོན་རྒུད་སྐྱོབ་མི་སྣ་ཞིང་ཆེན་ཡོངས་ཀྱི་རྒྱུགས་ར་སོ་སོར་སོང་ནས། སློབ་ཁྲིད་ཐོག་ཁང་དང་ཉལ་ཁང་། ཟ་ཁང་དང་དེའི་ཉེ་འཁོར་གྱི་མགྲོན་ཁང་། གསོལ་ཚིགས་ཁང་། ཚོང་ར་སོགས་སུ་གྲལ་བཤེར་ཞིབ་མོ་བྱས་པ་དང་། གཙོ་བོ་མེ་ཟོན་སྒྲིག་ཆས་འཁོར་སྐྱོད་བྱེད་པ་དང་བདེ་འཇགས་ཡོང་སྒོ་གེགས་མེད་ཡོང་བར་བྱེད་པ། གློག་ཤུགས་སྐུད་ལམ་བདེ་འཇགས་ཡོང་བ་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས། མེ་ཟོན་རྒུད་སྐྱོབ་མི་སྣས་ཡུལ་དངོས་སུ་མེ་སྐྱོན་ཉེན་བརྡའི་མ་ལག་ལ་ཚད་ལེན་བྱས་ཤིང་། མེ་གསོད་ཆས་དང་མེ་གསོད་ཆུ་སྒོ་སོགས་སྒྲིག་ཆས་ཀྱི་བཀོལ་སྤྱོད་རང་བཞིན་ལ་ཞིབ་བཤེར་བྱས་པར་མ་ཟད། མི་མངོན་པའི་རྐྱེན་ངན་ལེགས་བཅོས་བྱེད་པར་ལྟ་སྐུལ་བྱས།
དེ་དང་མཉམ་དུ། མེ་ཟོན་སྡེ་ཁག་གིས་སློབ་གསོའི་སྡེ་ཁག་དང་མཉམ་འབྲེལ་བྱས་ནས་སློབ་གྲྭའི་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲི་གཙོ་བོ་དངོས་འབེབས་བྱས་པ་དང་། སྡེ་ཁག་མཉམ་འགུལ་གྱི་རྣམ་པས་ལྟ་སྐུལ་དོ་དམ་གྱི་མཉམ་ཤུགས་ཆགས་པར་བྱས། མཐོ་རྒྱུགས་ལེན་སྐབས་སུ། ཞིང་ཆེན་ཡོངས་ཀྱིས་རྒྱུགས་ར་གཅིག་ལ་སྔོན་ཇུས་གཅིག་ལག་བསྟར་བྱེད་པ་དང་། ཁུལ་ཁོངས་གཙོ་བོར་མེ་ཟོན་ལས་སྒྲུབ་སྟོབས་ཤུགས་བཀོད་སྒྲིག་བྱས་ཏེ། འགུལ་རྣམ་སྐོར་ཞིབ་དང་འཕྲལ་བསྟུན་ལས་སྲུང་ལ་ཤུགས་སྣོན་པ་དང་། མགྱོགས་མྱུར་ངང་དང་ལེན་བྱེད་པར་ཁག་ཐེག་བྱེད་རྒྱུ་རེད། ཞིང་ཆེན་ཡོངས་ཀྱི་མེ་ཟོན་རྒུད་སྐྱོབ་སྤྱི་ཁྱབ་རུ་ཁག་གི་འབྲེལ་ཡོད་འགན་འཁུར་མི་སྣས་བསྟན་དོན། ནུས་ཤུགས་ཡོད་རྒུས་མཐོ་རྒྱུགས་ཀྱི་མེ་ཟོན་བདེ་འཇགས་ལ་འགན་སྲུང་བྱས་ཏེ། རྒྱུགས་ཞུགས་སློབ་མར་བདེ་འཇགས་ཀྱི་རྒྱུགས་ལེན་ཁོར་ཡུག་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།
ལྷ་མོ་འཚོས་བསྒྱུར།