རྨ་ཆེན་རྫོང་གིས་སྐྱེ་ཁམས་ཉམས་གསོ་བྱས་ནས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་བཙུགས།
2025.06.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ6པའི་ཚེས3ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་ཡོན་པོ་སྡེ་བའི་ཨ་མྱེས་རྨ་ཆེན་རི་རྒྱུད་ཀྱི་ཆུ་ཁུངས་བསྐྱིལ་གསོག་དང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ་ལས་གཞིའི་བར་མཚམས་དྲུག་པའི་འཛུགས་སྐྲུན་ཡུལ་དངོས་སུ། རྨོ་སློག་འཕྲུལ་ཆས་དང་བསྲེས་འདེབས་འཕྲུལ་ཆས་སོགས་འཕྲུལ་ཆས་ཀྱིས་གོ་རིམ་ལྡན་པའི་ངང་ལས་ཀ་བསྒྲུབ་པར་བྲེལ།

རྒྱུས་ལོན་བྱུང་བ་ལྟར་ན། བར་མཚམས་དེ་ཟླ5པའི་ཚེས10ཉིན་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། འཕྲུལ་ཆས་མང་པོས་མཉམ་དུ་རྨོ་སློག་དང་སོན་འདེབས། སྙོམས་གནོན་གཞི་གཅིག་ཅན་གྱི་ལས་ཀ་བསྒྲུབས་ནས། མིག་སྔར་བར་མཚམས་དེའི་ཉམས་གསོ་ལས་འགན་བརྒྱ་ཆའི་བཅུ་ཡོངས་འགྲུབ་བྱས་པ་དང་། ཟླ6པའི་ཟླ་མཇུག་བར་དུ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱེད་རྒྱུ་རེད། རྨ་ཆེན་རྫོང་གིས་སྐྱེ་ཁམས་ཉམས་གསོ་བཟོ་སྐྲུན་ལག་བསྟར་བྱེད་པའི་ཕན་ཡོད་དུས་ཚིགས་དམ་འཛིན་བྱས་པ་དང་། མཚོ་སྔོན་གྱི་གྲང་ཞིང་སྔ་སྨིན་ལོ་ཏོག་སོགས་རང་ཡུལ་གྱི་རྩྭ་སོན་བདམས་བཀོལ་བྱས་ནས། ས་ནག་ཐང་གི་བཅོས་སྐྱོང་གྲུབ་འབྲས་མངོན་གསལ་སྒོས་མཐོར་འདེགས་བཏང་བ་དང་། ཨ་མྱེས་རྨ་ཆེན་རི་རྒྱུད་ཀྱི་ཆུ་ཁུངས་གསོག་བསྐྱིལ་དང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ་ལས་གཞི་སྤུས་ཚད་མཐོ་བའི་ངང་ལག་བསྟར་བྱས་ཏེ། རྒྱུན་མཐུད་ངང་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་བཙུགས།

རྨ་ཆེན་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ས་ཅུའུ་ཡི་མཐོ་རིམ་བཟོ་བཀོད་པ་ལིས་ཝུན་ལེན་གྱིས། ལས་གཞི་ལག་བསྟར་བྱས་པ་བརྒྱུད་དེ། རྨ་ཆེན་རྫོང་གི་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་འཇགས་རང་བཞིན་རིམ་པ་བཞིན་ཇེ་མཐོར་སོང་བ་དང་། རི་སྐྱེས་སྲོག་ཆགས་དང་འཚོ་སྡོད་བྱེད་སར་སྲུང་སྐྱོབ་དང་ཉམས་གསོ་བཟང་བོ་ཐོབ་ལ། ཆུ་ཁུངས་གསོག་བསྐྱིལ་དང་ཆུ་ས་སྲུང་འཛིན། རླུང་འགོག་བྱེ་བཅོས། ཐཱན་སྲ་དབྱང་གཏོང་སོགས་ཀྱི་སྐྱེ་ཁམས་བྱེད་ནུས་མངོན་གསལ་སྒོས་ཇེ་དྲག་ཏུ་སོང་བ་དང་། སྔོན་རྩིས་ལྟར་ན། སྔོ་ཁེབས་ཁེབས་ཚད་ཆ་སྙོམས་ཀྱིས་བརྒྱ་ཆའི་ལྔ་དང་བརྒྱ་ཆའི་བཅུ་ཇེ་མཐོར་སོང་ལ། རྩྭ་ཆའི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་སྒོས་ཇེ་བཟང་དུ་སོང་།

རིན་ཆེན་མཚོས་བསྒྱུར།