ཟླ6པའི་ཚེས5ཉིན། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་ཐོན་ཁུངས་རིགས་ཀྱི་གྱོད་གཞིའི་འདྲི་གཅོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་སྲུང་སྐྱོབ་དཔེ་མཚོན་གྱོད་དཔེ5ཁྱབ་བསྒྲགས་བྱས།
དཔེ་མཚོན་གྱོད་དཔེ་ལྔ་ནི་ཞུ་སྦྱོར་ཕྱི་མ་ལིས་ཆེ་གེ་མོ་དང་ཐེན་ཆེ་གེ་མོ་སོགས་མི19ཡིས་ཁྲིམས་འགལ་ངང་ཆུའི་ཐོན་རྫས་སྔོག་པ་དང་། རྩ་ཆེའི་དངོས་རྫས་དང་འཇིག་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་བཏང་བ། དེ་མིན་ལྐོག་འགེབ་དང་སྦ་གསང་ཉེས་གསོག་བྱས་ཏེ་ཐོབ་པའི་ཉེས་དོན་གྱི་ཞོར་འབྲེལ་དམངས་དོན་སྤྱི་ཕན་གཏུག་བཤེར་གྱོད་གཞི་བཅས་ཡིན་པ་དང་། ཞུ་སྦྱོར་ཕྱི་མ་ཀྲང་ཆེ་གེ་མོས་ནགས་བཅད་པའི་གྱོད་གཞི་དང་། ཞུ་སྦྱོར་ཕྱི་མ་ཧུའུ་ཆེ་གེ་མོ་དང་ཝང་ཆེ་གེ་མོས་ཁོར་ཡུག་སྦགས་བཙོག་བཟོས་པའི་གྱོད་གཞི། ཞུ་སྦྱོར་ཕྱི་མ་དབྱང་ཆེ་གེ་མོས་ཁྲིམས་འགལ་གྱིས་ས་ཞིང་བཟུང་སྤྱོད་བྱས་པའི་གྱོད་གཞི། ཞུ་སྦྱོར་ཕྱི་མ་མཱ་ཆེ་གེ་མོས་རྩ་ཆེ་བ་དང་འཇིག་ཉེན་ཡོད་པའི་རི་སྐྱེས་སྲོག་ཆགས་གྱོད་གཞི་བཅས་ཁྱབ་བསྒྲགས་བྱས།
ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། “གཞུང་དྲང་དང་ལས་ཕྱོད”བྱ་བའི་བརྗོད་དོན་གཙོ་བོ་བྱས་ནས། ཁོར་ཡུག་ཐོན་ཁུངས་ཀྱི་འདྲི་གཅོད་འགན་ནུས་ལ་གཞི་ཚུགས་ཏེ། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཀྱི་ཁྲིམས་འཛིན་ཞབས་ཞུ་འགན་སྲུང་བྱེད་པའི“མཚོ་སྔོན་གྱི་དཔེ་དབྱིབས”བསྐྲུན་པས། 2024ལོར་ཁོར་ཡུག་གི་ཐོན་ཁུངས་གྱོད་གཞི་བསྡོམས་པའི864ཞིབ་གཅོད་མཇུག་སྒྲིལ། བྱ་བའི་ལག་ལེན་ཁྲོད། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་རྒྱུན་དུ་མཐོང་རྒྱུ་ཡོད་པའི་རིགས་ཀྱི་ཁོར་ཡུག་གི་ཐོན་ཁུངས་གྱོད་གཞི་ཞིབ་འཇུག་བྱས་པ་དང་། བཅའ་ཁྲིམས་འོས་སྤྱོད་གནད་དོན་གཏིང་ཟབ་ཏུ་བཏང་ནས། འདྲི་ཞིབ་སྒྲིག་སྲོལ་ཆེད་ལས་ཅན་དང་ཁྲིམས་གཅོད་ཚད་གཞི་གཅིག་གྱུར་ཅན་དུ་འགྱུར་བར་སྐུལ་འདེད་བཏང་། མཚོ་བོད་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཕུན་སུམ་ཚོགས་པའི་ཁྱད་ཆོས་ལ་དམིགས་ནས། ཆུ་ཁུངས་གསོ་གསོག་དང་ས་ཆུ་སྲུང་འཛིན་གྱི་ནུས་པའི་ངེས་གནས་ཡང་དག་པར་ཁོང་དུ་ཆུད་པ་བྱས་ཏེ། ཁྲིམས་འགལ་ངང་རི་དྭགས་ལྐོག་རྔོན་དང་རྩ་ཆེན་གྱི་རིགས་གསོད་པ། འཇིག་ཉེན་ཆེ་བའི་རི་སྐྱེས་སྲོག་ཆགས་དང་རི་སྐྱེས་སྲོག་ཆགས་ཀྱི་ཐོན་རྫས་ཁྲིམས་འགལ་གྱིས་ཉོ་འཚོང་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་ཕྱོགས་ཡོངས་ནས་སྲུང་སྐྱོབ་བྱ་དགོས། དེ་དང་ཆབས་ཅིག《མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཁོར་ཡུག་གི་ཐོན་ཁུངས་ལག་བསྟར་གྱོད་གཞིའི་མངའ་ཁོངས་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ་དང་། གྱོད་གཞི་གཅིག་འདུམ་འགྲིག་བྱས་རྗེས་མི་མང་པོར་སློབ་གསོ་ཐོབ་པར་བྱས།
ཤ་བོ་རིན་མཚོས་བསྒྱུར།