མཚོ་སྔོན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་རིག་རྩལ་འཇོན་མི་འཚར་ལོངས་འབྱུང་བར་ཁོར་ཡུག་ལེགས་པོ་བསྐྲུན།
2025.06.07 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ6པའི་ཚེས6ཉིན། གསར་འགོད་པས་རིག་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་རྩོམ་ཞེས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་རིག་རྩལ་འཇོན་མིའི་ལས་རིགས་དང་བྱ་བའི་ཁྱད་ཆོས་ལ་རྐང་བཙུགས་ཏེ། འཇོན་མི་གསོ་སྐྱོང་དང་འབྲེལ་གཏུག་བྱེད་པ། སྐུལ་སློང་བྱེད་པའི་རྐྱེན་སྲོལ་ཆེན་པོ་གསུམ་འཐུས་ཚང་དུ་བཏང་ནས་འཇོན་མིའི་སེམས་ཁུར་བྱེད་ཡུལ་མཐུན་སྦྱོར་ཐག་གཅོད་བྱས་ཏེ། རིགས་སོ་སོའི་རིག་རྩལ་འཇོན་མིར་འཚར་ལོངས་འབྱུང་སའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཆེད་ནུས་ཤུགས་ཡོད་དགུ་འདོན་བཞིན་ཡོད།

ཉེ་བའི་ལོ་འགའི་རིང་དུ། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་དར་ཆ་མཐོར་སྒྲེང་དང་དམངས་སེམས་གཅིག་སྒྲིལ། འཇོན་མི་གསོ་སྐྱོང་། རིག་གནས་དར་སྤེལ། སྣང་བརྙན་འགྲེམ་སྟོན་བཅས་ཀྱི་འོས་འགན་དང་དམ་དུ་སྦྲེལ་ཏེ། རིག་རྩལ་གསར་རྩོམ་དང་། འཁྲབ་སྟོན་འགྲེམ་སྤེལ། དང་བླངས་ཞབས་ཞུ། བཞུགས་མོལ་ཚོགས་འདུ་སོགས་བྱེད་ཐབས་སྣ་མང་སྤྱད་པ་བརྒྱུད། རིག་རྩལ་འཇོན་མི་སྔོག་འདོན་གང་ལེགས་བྱས་པར་མ་ཟད། གསར་རྩོམ་བྱེད་མཁས་ཀྱི་ཕུལ་བྱུང་ན་གཞོན་འཇོན་མིར་དོ་སྣང་ཆེན་པོ་བྱས། དུས་མཉམ་དུ། མཚོ་སྔོན་ཞིང་ཆེན་གྱི2023ལོ་ནས་2027ལོའི་བར་གྱི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་མ་ལག་གི་རིག་རྩལ་འཇོན་མི་འཕེལ་རྒྱས་འཆར་འགོད་དང་། 2023ལོ་ནས2027ལོའི་བར་གྱི་མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་མ་ལག་གི་རིག་རྩལ་འཇོན་མི་དང་ལས་བྱེད་པ་དོ་དམ་གསོ་སྦྱོང་འཆར་འགོད་ཞིབ་འཇུག་གཏན་འབེབས་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིག་རྩལ་འཇོན་མིའི་ཕྱོགས་བསྡུས་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་། 2024ལོའི་ཚུན་དུ། བསྡོམས་པས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པ་དང་། རིག་རྩལ་བྱ་བ་སྒྲུབ་མཁན། རིག་རྩལ་དགའ་མོས་མཁན་སོགས་མི་ཐེངས3269ལ་གསོ་སྦྱོང་བྱས་ཤིང་། གསོ་སྦྱོང་གཞི་ཁྱོན་དུས་མཉམ་ལས་བརྒྱ་ཆའི་བཅོ་བརྒྱད་དང་གྲངས་ཆུང་བཞི་འཕར་བས་གྲུབ་འབྲས་མངོན་གསལ་བླངས་ཡོད།

དུས་མཉམ་དུ། མཚོ་སྔོན་ཞིང་ཆེན་གྱིས་འཇོན་མི་འཕེལ་རྒྱས་རྐྱེན་སྲོལ་བཅོས་སྒྱུར་གསར་གཏོད་བྱེད་ཚད་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་སྟེ། འགུག་ནུས་དང་འགྲན་རྩོད་ནུས་པ་དྲག་པོ་ལྡན་པའི་འཇོན་མིའི་ལམ་ལུགས་ཀྱི་དགེ་མཚན་བསྐྲུན་པར་འབད་ཅིང་། འཇོན་མིའི་གསར་གཏོད་གསོན་ཤུགས་སྐུལ་སློང་གང་ལེགས་བྱས། སྔ་གཞུག་ཏུ་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཇོན་མིར་ཞབས་འདེགས་བྱེད་ཐབས་དང་། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལས་དོན་ལས་ཁུངས་ཀྱི་རེས་སྐོར་དོ་དམ་གྱི་གནས་སྐབས་བྱེད་ཐབས་ཕྱིར་བཏོན་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་གསར་རྩོམ་གོ་མིང་རབ་དང་རིམ་པའི་དཔྱད་ཞིབ་བྱེད་ཐབས་སོགས་ལམ་ལུགས་ལ་བཟོ་བཅོས་བརྒྱབ་ནས། འཇོན་མི་གསོ་སྐྱོང་བྱ་བའི་ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་བཏང་། དེ་ལས་གཞན། ཁུ་ནུའི་ཤེས་ཡོན་པ། མཐོ་རིམ་ལས་གཏོད་འཇོན་མིའི་འགུལ་སྐྱོད་འཆར་གཞིར་བརྟེན་ནས། རིགས་སོ་སོའི་ཕུལ་བྱུང་རིག་རྩལ་འཇོན་མི་ནུས་ཤུགས་ཡོད་དགུས་གསོ་སྐྱོང་དང་ནང་འདྲེན་བྱས་པར་མ་ཟད། འཇོན་མི་རྩ་འཛུགས་བྱས་ནས་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་དང་འགྲེམ་སྟོན་གྱི་བྱ་འགུལ་སྤེལ།

རིག་འཛིན་སྒྲོལ་མས་བསྒྱུར།