རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུའུ་མཚོ་སྔོན་འཕྲལ་སྒྲུབ་རུ་ཁག་གིས་མཁའ་འགྲུལ་འཕྲལ་བསྟུན་རོགས་སྐྱོབ་ཀྱི་ཆེད་དོན་གསོ་སྦྱོང་སྤེལ།
2025.06.07 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཉེ་ལམ།མཁའ་འགྲུལ་འཕྲལ་བསྟུན་རོགས་སྐྱོབ་ཀྱི་བྱེད་ནུས་ཇེ་མཐོར་གཏོང་ཆེད། རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུའུ་མཚོ་སྔོན་འཕྲལ་སྒྲུབ་རུ་ཁག་གིས་ལས་གཉེར་རྐང་འཛིན་པ་འདེམས་མངགས་བྱས་ཏེ་ཧའེ་ལུང་ཅང་ཞིང་ཆེན་ཧའེ་ཧི་གྲོང་ཁྱེར་ནིན་ཅང་མཁའ་འགྲུལ་ས་ཚིགས་ནས། དུས་ཡུན་ཟླ་དྲུག་རིང་གི་མཁའ་འགྲུལ་འཕྲལ་བསྟུན་རོགས་སྐྱོབ་ཀྱི་ཆེད་དོན་གསོ་སྦྱོང་ལ་ཞུགས་སུ་བཅུག ཐེངས་འདིའི་གསོ་སྦྱོང་དེ་འཕྲལ་བསྟུན་དོ་དམ་པུའུ་བྱང་ཕྱོགས་ནགས་སྲུང་སྤྱིའི་ས་ཚིགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། འཕུར་སྐྱོད་ལྟ་ཞིབ་དང་མཁའ་འགྲུལ་བཀོད་གཏོང་བྱ་བའི་སྲོག་ཤིང་ལས་གནས་གཉིས་དམིགས་སུ་བཟུང་ནས་སྤེལ་བ་ཞིག་རེད།

གསོ་སྦྱོང་ལས་བར་ཁྱད་ཅན་གྱི་གསོ་སྐྱོང་ཇུས་གཞི་བསྡུ་ལེན་བྱས། འཕུར་སྐྱོད་ལྟ་ཞིབ་ལས་གཉེར་གྱིས་གཞུང་ལུགས་སློབ་ཁྲིད་དང་བར་སྣང་དངོས་སྦྱོང་ཟུང་འབྲེལ་བྱས་པ་བརྒྱུད། མཁའ་འགྲུལ་མེ་ཟོན་མེ་འགོག་གི་ལག་རྩལ་སོགས་ཆེད་ལས་རྩལ་ནུས་ཀྱི་ཁྱབ་ཁོངས་མང་པོ་འདུ་བར་བྱས་ཡོད། མཁའ་འགྲུལ་བཀོད་གཏོང་པ་མཁའ་འགྲུལ་ས་ཚིགས་བཀོད་གཏོང་བཀོད་འདོམས་ལྟེ་གནས་སུ་སོང་སྟེ། འཕུར་སྐྱོད་ལས་འགན་གྱི་བརྒྱུད་རིམ་ཧྲིལ་བོའི་ལག་ལེན་ཁྲོད་ཞུགས། མིག་སྔར། རྨང་གཞིའི་སློབ་སྦྱོང་དུས་རིམ་ཡོངས་འགྲུབ་བྱས་ཤིང་། གསོ་སྦྱོང་སློབ་མས་བསྡོམས་པས་དུས་ཚོད60ལྷག་གི་འཕུར་སྐྱོད་སྦྱོང་བརྡར་བྱས་ཏེ། ས་དབྱིབས་རེའུ་མིག་བརྡར་གཅོད་དང་། མཁའ་འགྲུལ་ལམ་ཐིག་གི་མཚོན་རིས་སོགས་སྲོག་ཤིང་རྩལ་ནུས་ཁོང་དུ་ཆུད་པར་བྱས་ལ། བཀོད་གཏོང་ལས་གནས་ཀྱི་གསོ་སྦྱོང་སློབ་མས་རྨང་གཞིའི་མཐུན་སྦྱོར་བྱེད་ནུས་ཁོང་དུ་ཆུད་པར་བྱས་ཡོད།

གོ་རིམ་རྗེས་མར་བར་སྣང་གི་གནོད་འཚེ་དབྱེ་ཞིབ་དང་། ཐག་གཅོད། རོགས་སྐྱོབ་བཅས་ཀྱི་ལག་རྩལ་བེད་སྤྱོད་གཏོང་བར་དམིགས་ཏེ། གནོད་འཚེ་ཚབས་ཆེན་གྱི་ཡུལ་རྣམ་ལད་ཟློས་བྱས་པར་བརྟེན་དངོས་འཐབ་བྱེད་ནུས་ཤུགས་དྲག་ཏུ་བཏང་། གསོ་སྦྱོང་སློབ་མས་སློབ་སྦྱོང་ནན་ཏན་བྱས་ཏེ། མཁའ་འགྲུལ་འཕྲལ་བསྟུན་རོགས་སྐྱོབ་རུ་ཁག་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར། ཐེངས་འདིའི་གསོ་སྦྱོང་གིས་ཆེད་ལས་རྐང་འཛིན་པ་གསོ་སྐྱོང་བྱེད་རྒྱུ་དང་། གནམ་སའི་མཐུན་སྦྱོར་མཉམ་སྤེལ་བྱེད་ནུས་མཐོ་རུ་བཏང་ནས་འཕྲལ་བསྟུན་རོགས་སྐྱོབ་ཀྱི་འགོག་མཚམས་བརྟན་པོར་བསྐྲུན་རྒྱུ་གཙོར་བཟུང་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།