མཚོ་སྔོན་འཕྲོད་བསྟེན་བདེ་ཐང་མ་ལག་གིས་ཕྱོགས་ཡོངས་ནས་མཐོ་རྒྱུགས་ཀྱི་བྱ་བ་བཟང་བོར་སྒྲུབ།
2025.06.07 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཡང་ལོ་གཅིག་གི་མཐོ་རྒྱུགས་ཀྱི་དུས་སྐབས་སུ་སླེབས་ཡོད་པས།    བདེ་འཇགས་དང་བདེ་ཐང་གི་མཐོ་རྒྱུགས་ཁོར་ཡུག་བསྐྲུན་ཆེད།    མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཕྱོགས་ཡོངས་ནས་སྨན་བཅོས་འགན་སྲུང་གི་མགྱོགས་མྱུར་དང་ལེན་བྱེད་པའི་འཕྲོད་བསྟེན་ལྟ་སྐུལ་བྱ་བ་དང་། སེམས་ཁམས་སྙོམས་སྒྲིག་བྱེད་པའི་བྱ་བ་རབ་དང་རིམ་པ་བཀོད་སྒྲིག་བྱས་ནས། མཐོ་རྒྱུགས་ལ་ཕྱོགས་ཡོངས་ནས་བྱ་བ་མང་པོ་སྒྲུབ་བཞིན་ཡོད།

ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མཐོ་རྒྱུགས་སྐབས་ཀྱི་སྨན་བཅོས་འགན་སྲུང་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་པ་དང་།  ཆེད་དོན་གྲོས་ཚོགས་བསྡུས་ནས་གཅིག་གྱུར་བཀོད་སྒྲིག་དང་། བཀོད་སྒྲིག་ཞིབ་ཕྲ། ཚན་རིག་དང་མཐུན་པའི་བཀོད་གཏོང་བཅས་བྱས་ཏེ། རིམ་པ་དང་རིམ་པར་དོན་འཁྱོལ་དམ་འཛིན་བྱས་ནས་མཐོ་རྒྱུགས་སྐབས་ཀྱི་སྨན་བཅོས་ཞབས་ཞུའི་འགན་སྲུང་བྱ་བ་དོན་འཁྱོལ་ནན་མོ་བྱས།     གྲོང་ཁྱེར་དང་ཁུལ་སོ་སོར་འགན་སྲུང་ཇུས་གཞི་དང་འཕྲལ་སྒྲུབ་སྔོན་ཇུས་བཟོ་རྒྱུར་མཛུབ་ཁྲིད་བྱེད་པ་དང་།    རྒྱུགས་ལེན་སྐབས་སྨན་བཅོས་འགན་སྲུང་གི་དམིགས་བཙུགས་སྨན་ཁང་ལེགས་པོ་དང་ཐག་ཉེ་བ་བདམས་ནས་སྨན་བཅོས་བགྲོད་ལམ་ཤར་གཏོང་བྱས། སྨན་བཅོས་མི་སྣ་རྩ་འཛུགས་བྱས་ཏེ་སྨན་བཅོས་འགན་སྲུང་ཚན་ཆུང་སྐོང་འཐེན་བྱས་ནས་མྱུར་སྐྱོབ་སྨན་རྫས་སྒྲིག་ཆས་ཆ་ཚང་སྒྲིག་སྦྱོར་བྱས།     དོན་དངོས་གནས་ཚུལ་གཞིར་བཟུང་ནས། གལ་ཆེའི་གནས་སུ་མྱུར་སྐྱོབ་རླངས་འཁོར་མངགས་གཏོང་བྱས་ནས་ཡུལ་དངོས་སུ་འགན་སྲུང་བྱེད་པ་དང་ཆབས་ཅིག མྱུར་སྐྱོབ་ལྟེ་གནས120གཅིག་གྱུར་གྱིས་བཀོད་གཏོང་བྱས་ཏེ། སྨན་ཁང་ལ་མ་ཡོང་སྔོན་གྱི་མྱུར་སྐྱོབ་དང་འཕྲལ་སྒྲུབ་བརྒྱུད་འདྲེན་བྱ་བ་ལེགས་པར་སྒྲུབ་ནས། གློ་བུར་གྱི་གནས་ཚུལ་དང་འཕྲད་ཚེ་དུས་ཐོག་ཏུ་ཕན་ནུས་མཐོ་བའི་ཐག་གཅོད་བྱེད་ཐུབ་པར་བྱས།

རིམ་པ་སོ་སོའི་འཕྲོད་བསྟེན་ལྟ་སྐུལ་ཁྲིམས་འཛིན་ལས་ཁུངས་བཀོད་སྒྲིག་བྱས་ཏེ་རྒྱུགས་སྤྲོད་གནས་ཡིན་པའི་སློབ་གྲྭ་དང་དེའི་མཐའ་འཁོར་གྱི་སྤྱི་པའི་འཕྲོད་བསྟེན་གནས་ཡུལ་ལ་འགོས་ནད་སྔོན་འགོག་དང་།    བཏུང་ཆུའི་འཕྲོད་བསྟེན་བདེ་འཇགས།    ཁོར་ཡུག་གཙང་སྦྲ་ཞིབ་བཤེར།   ཟས་རིགས་སྨན་རྫས་ཀྱི་བདེ་འཇགས་ལྟ་སྐུལ་ལྟ་ཞིབ་ཚད་ལེན་བཅས་ཀྱི་བྱ་བ་སྤེལ་བ་དང་།  འཕྲོད་བསྟེན་བདེ་འཇགས་ལ་གནོད་པའི་རྐྱེན་རྩ་སེལ་ཏེ། རྒྱུགས་སྤྲོད་སློབ་མས་རྒྱུགས་ལེན་སྐབས་ཀྱི་བཟའ་བཏུང་དང་ཞག་སྡོད་འཕྲོད་བསྟེན་བདེ་འཇགས་ལ་ཁག་ཐེག་བྱས།  ཆུ་ཚོད24རིང་གི“12356”སེམས་ཁམས་རོགས་སྐྱོར་ཐད་སྦྲེལ་ཁ་པར་བཙུགས་ནས། རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ལ་སེམས་ཁམས་འདྲི་རྩད་ཞབས་ཞུ་འདོན་སྤྲོད་བྱས། ས་གནས་སོ་སོའི་སེམས་ཁམས་བདེ་ཐང་སྒོ་བསྟེན་སྨན་ཁང་གིས་མཐོ་རྒྱུགས་སྐབས་སུ་རྒྱུན་ལྡན་ལྟར་སྒོ་འབྱེད་པ་དང་། ཆེད་ལས་ཀྱི་སེམས་ཁམས་སྨན་པ་བཀོད་སྒྲིག་བྱས་ཡོད་པས། རྒྱུགས་སྤྲོད་སློབ་མར་སེམས་ཁམས་ཚད་ལེན་དཔྱད་འཇོག་དང་སེམས་ཁམས་ཀྱི་གནད་དོན་དྲིས་ཆོག་པའི་ཞབས་ཞུ་འདོན་སྤྲོད་བྱས།

ཤ་བོ་རིན་མཚོས་བསྒྱུར།