ད་ལོའི་ཚུན་དུ། རང་རྒྱལ་གྱི་ཁེ་ལས་ཆུང་འབྲིང་གི་ཐོན་སྐྱེད་ཕྱིར་ཚོང་བསྟུད་མར་ལེགས་སྒྱུར་བྱས་པ་དང་། གསར་གཏོད་ཀྱི་གསོན་ཤུགས་རབ་ཏུ་རྒྱས་པར་བརྟེན། ཕྱིར་ལེགས་ཕྱོགས་སུ་འཕེལ་བའི་གོམ་སྟོབས་སྔར་ལས་ཇེ་བརྟན་དུ་ཕྱིན་ནས། བཟོ་ལས་དཔལ་འབྱོར་བརྟན་བརླིང་ངང་འཕར་བར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས།
ཧྲང་ཧའེ་རུ། ཚན་རྩལ་ཁེ་ལས་འདིས་ཉེ་ལམ་རང་བདག་སྒོས་རབས་གསར་པའི་མི་གཟུགས་འཕྲུལ་མི་ཞིབ་འཇུག་གསར་བཟོ་བྱས། འཕྲུལ་མི་འདིའི་ལུས་ཡོངས་ལ་རང་དབང་གི་ཚད30ཡས་མས་ཡོད་ཅིང་། དེས་དོ་སྙོམས་རླངས་འཁོར་དང་རྐང་འཁོར་ལ་ཞོན་པ་སོགས་ཀྱི་འགུལ་སྟངས་ཚོད་འཛིན་བྱེད་ཐུབ། སྔོན་དཔག་བྱས་ན་ལོ་སྨད་དུ་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་བྱ་ཐུབ་རྒྱུ་རེད། ཐོད་བརྒལ་འདིས་ལག་རྩལ་མཆོང་སྐྱོད་བྱུང་བར་མ་ཟད། ལྷུ་ལག་གི་ཐོན་ལས་ཕྲེང་འབྲེལ་གྱི་ནུས་པ་ཆེ་རུ་འགྲོ་རྒྱུར་སྐུལ་ཁྲིད་བྱེད་ཐུབ།
རིག་ནུས་འཕྲུལ་མིའི་དབུ་བཞུགས་ལག་རྩལ་དཔོན་ཕེང་ཀྲི་ཧུའེ་ཡིས་བཤད་རྒྱུར། ང་ཚོས་དཔེ་དབྱིབས་མང་པོ་བརྗེ་རེས་དང་རྙོག་འཛིང་ཆེ་བའི་ལས་འགན་ལས་སྒྲུབ་སོགས་གནད་འགག་ལག་རྩལ་ལ་ཐོད་བརྒལ་བྱུང་དུ་བཅུག་ཡོད་ལ། ཐོན་ཁུངས་གསར་འདོན་དང་སྒོ་འབྱེད་བྱས་པར་བརྟེན། འཛམ་གླིང་གི་གསར་སྤེལ་བྱེད་མཁན་མང་པོ་བཀུག་ནས་ཐོན་ལས་ཀྱི་བརྒྱུད་རིམ་ཧྲིལ་པོ་མཉམ་སྐྲུན་བྱས།
ཚན་རྩལ་གསར་གཏོད་ཀྱིས་ཁེ་ལས་ཆུང་འབྲིང་གི་ཐོན་སྐྱེད་དང་ཕན་འབྲས་གཉིས་ཀར་སྐུལ་འདེད་གཏོང་བཞིན་ཡོད། བསྡོམས་རྩིས་གསར་ཤོས་ལས་མངོན་པ་ལྟར་ན། ཟླ་དང་པོ་ནས་བཞི་པའི་བར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཆུང་འབྲིང་གི་རིན་ཐང་འཕར་ཚད་ལོ་སྔོན་མའི་དུས་མཉམ་ལས་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་གཉིས་འཕར་བ་དང་། ལས་གཉེར་ཡོང་འབབ་སྒོར་ཁྲག་ཁྲིག་ཆེན་མོ་གཉིས་དང་ཁྲག་ཁྲིག་ལྔ་ཐེར་ཆེན་བརྒྱད་ཟིན་ཡོད། དེའི་ནང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དང་མ་བཅོས་རྒྱུ་ཆ་བཟོ་སྐྲུན་ལས་རིགས་ཀྱི་ལག་རྩལ་རིམ་སྤོར་ལ་བརྟེན་ནས་དགོས་མཁོ་སྔར་ལས་ཆེ་རུ་ཕྱིན་པ་དང་། བཟོ་སྐྲུན་ལས་རིགས་ཆེ་གྲས31ཁྲོད་ཀྱི་ལས་རིགས28ལ་འཕར་སྣོན་བྱུང་ཡོད། ཀྲེ་ཅང་གི་རྒྱུ་ཆ་གསར་པའི་ཁེ་ལས་འདིས་ཕྱི་རིམ་ཆུ་འགོག་དང་ནང་རིམ་མྱུར་འཇིབ་ཀྱི་ཁྱད་ཆོས་ལྡན་པའི་ཆུ་འགོག་རྒྱུ་སྐུད་སྲིང་རས་རྒྱུ་ཆ་གསར་པ་ཞིབ་འཇུག་གསར་སྤེལ་བྱས། ད་ལྟ་རྒྱལ་ཁབ་ཕྱི་ནང་གི་ལུས་རྩལ་ཟོང་རྟགས་ཅན་བཅུ་ཕྲག་ཁ་ཤས་ཀྱི་ལྟེ་བའི་མཁོ་འདོན་ཚོང་པ་རུ་གྱུར་ཡོད།
ཚན་རྩལ་གསར་གཏོད་ཀྱིས་ཀྱང་ཕྱི་ཕྱོགས་ཉོ་ཚོང་ཁྲོམ་ར་རྒྱུན་མཐུད་ངང་ལེགས་ཕྱོགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། ཟླ4པར། ཁེ་ལས་ཆུང་འབྲིང་གི་ཕྱིར་གཏོང་སྟོན་གྲངས་ཀྱིས་བརྒྱ་ཆའི་ལྔ་བཅུ་དང་གྲངས་ཆུང་བཞི་ཟིན་ཡོད་ལ། བསྟུད་མར་ཟླ13རིང་ལ་རྒྱ་སྐྱེད་བར་ཁོངས་སུ་གནས་པར་བརྟེན། སྤྱི་ཡོངས་ཀྱི་ཕྱིར་གཏོང་འཕེལ་ཕྱོགས་སྔར་བཞིན་ལེགས། ཅང་སུའུ་ཡི་ཕུབ་གྲུབ་ཁེ་ལས་འདིས་ཁ་ཞེང་ཆུང་བའི་གཏིང་ཟབ་ཁྲོན་པ་བརྐོ་བའི་འཕྲུལ་འཁོར་གསར་གཏོད་བྱས་ནས། དུང་བརྐོ་བའི་ལས་ཆོད་ལྡབ་བཅུ་ཡིས་མཐོ་རུ་གཏོང་ཐུབ། མིག་སྔར་ཡོ་རོབ་དང་མེ་གླིང་ལྷོ་མ་སོགས་ནས་ཡོང་བའི་ཕྱི་རྒྱལ་གྱི་མངགས་ཐོ་ཉིས་སྟོང་ཉེར་བདུན་ལོའི་བར་སྒྲིག་ཡོད།