ད་ལོའི་མཐོ་རྒྱུགས་ལ་སློབ་མ་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་གསུམ་ཁྲི་ལྔ་ཡིས་མིང་ཐོ་བཀོད་ཡོད་ཅིང་། རྒྱལ་ཡོངས་སུ་རྒྱུགས་ལེན་ས་ཚིགས་བདུན་སྟོང་བརྒྱད་བརྒྱ་གོ་དགུ་བཙུགས་ཡོད་པ་དང་། རྒྱུགས་ར་འབུམ་གསུམ་དང་ཁྲི་ལྔ་སྟོང་ལྔ་ཡོད་ལ། གྲ་སྒྲིག་རྒྱུགས་ར་ཁྲི་གཉིས་དང་སྟོང་གཅིག་བཙུགས་ཡོད།
མཐོ་རྒྱུགས་ཀྱི་ཉིན་དང་པོར་རྒྱུགས་སྤྲོད་སློབ་མ་རྣམས་ཀྱིས་སྐད་ཡིག་དང་རྩིས་རིག་གི་ཡིག་རྒྱུགས་སྤྲད། ད་ལོ་ཧྲན་ཞི་དང་ཧི་ནན། ཧྲའན་ཞི། ནང་སོག སི་ཁྲོན། ཡུན་ནན། ཉིན་ཞ། མཚོ་སྔོན་སོགས་ཞིང་ཆེན་བརྒྱད་ལ་མཐོ་རྒྱུགས་ཕྱོགས་བསྡུས་བཅོས་སྒྱུར་བྱས་རྗེས་ཀྱི་ཡིག་རྒྱུགས་ཐེངས་དང་པོ་ཡིན། ད་སྔ་ཡན་ཆད་དུ་རྒྱལ་ཡོངས་སུ་མཐོ་རྒྱུགས་ཕྱོགས་བསྡུས་བཅོས་སྒྱུར་བྱས་ཟིན་པའི་ཞིང་ཆེན་ཉེར་དགུ་ཡོད།
ད་ལོའི་མཐོ་རྒྱུགས་ལ་ས་གནས་སོ་སོས་ཚན་རྩལ་གསར་བའི་གཡོ་ལས་སྔོན་འགོག་ཏན་ཏིག་དང་རྒྱུགས་རའི་འཇུག་སྒོ་ནན་སྲུང་། “རིག་ནུས་ཞིབ་བཤེར་སྒོ”རིམ་སྤོར་བྱས་ཏེ། རིག་ནུས་མིག་ཤེལ་དང་རིག་ནུས་ལག་འདོགས་ཆུ་ཚོད་སོགས་སྒྲིག་འགལ་དངོས་རྫས་ཞིབ་བཤེར་ནུས་པ་ཆེ་རུ་བཏང་བ་དང་། རིག་ནུས་སྐོར་ཞིབ་བྱ་བ་ལེགས་པོར་སྒྲུབ་ནས། ཡིག་རྒྱུགས་བདེ་འཇགས་ལ་འགོག་སྲུང་ནན་མོ་བྱས།
ཞུང་ཨན་ཁུལ་གསར་བཙུགས་པ་ནས་བཟུང་། ད་ལོ་མཐོ་རྒྱུགས་ཀྱི་བྱ་བ་ཐོག་མ་བསུས་ཏེ། ཁུལ་གསར་དུ་རྒྱུགས་ལེན་ས་ཚིགས་བདུན་དང་རྒྱུགས་ར་ཉིས་བརྒྱ་ཞེ་གསུམ། རྒྱུགས་ལེན་མཁན་དྲུག་སྟོང་དགུ་བརྒྱ་གྱ་གཉིས་ཡོད།
ད་ལོའི་མཐོ་རྒྱུགས་སྐབས་སུ། ས་ཆ་མང་པོར་དྲག་ཆར་དང་དྲོད་ཚད་མཐོ་བའི་སྔོན་བརྡ་བཏང་ཞིང་། ས་ཁུལ་དེ་དག་གིས་ཆར་ཁེབས་བཙུགས་ནས་རྒྱུགས་སྤྲོད་སློབ་མ་འགྲོ་འོང་བྱེད་པར་སྟབས་བདེ་བསྐྲུན་པ་ལས་གཞན། འགྲིམ་འགྲུལ་ཁྲིད་སྟོན་དང་གྲོང་ཁྱེར་གྱི་འཁྱིལ་ཆུ་ཕྱིར་འབུད། འཕྲལ་བསྟུན་འགན་ལེན་སོགས་ཕྱོགས་མང་པོའི་ཐད་ནས་དུས་ཐོག་ཏུ་སྟོབས་ཤུགས་ཆེན་པོ་བཏོན་ནས་མཐོ་རྒྱུགས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་ལེན་བྱས།
ད་ལོར། ས་གནས་སོ་སོས་དབང་པོ་སྐྱོན་ཅན་གྱི་རྒྱུགས་སྤྲོད་སློབ་མ་ཆིག་ཁྲི་བཞི་སྟོང་མཐོ་རྒྱུགས་ནང་ཞུགས་རྒྱུར་མཐུན་རྐྱེན་གང་ལེགས་བསྐྲུན། སློབ་གསོ་པུའུ་ཡིས་ཞིང་ཆེན་བཅུ་གཉིས་ཀྱི་ལོང་བའི་རྒྱུགས་སྤྲོད་སློབ་མ་བཅུ་དྲུག་ལ་ལོང་ཡིག་རྒྱུགས་ཤོག་སྤྲད། དུས་མཚུངས་སུ། ས་གནས་སོ་སོས་ད་དུང་འགྲོ་འདུག་སྡོད་གསུམ་དང་བཟའ་བཏུང་། སྨན་བཅོས་འཕྲོད་བསྟེན། འཛེར་སྒྲ་བཅོས་སྒྲིག་སོགས་ཕྱོགས་བསྡུས་ཞབས་ཞུའི་འགན་ལེན་ལ་ཤུགས་བསྣན་ནས་བདེ་འཇགས་དང་བློ་བདེ། སེམས་སྐྱིད་པོ་བཅས་ཀྱི་ཡིག་རྒྱུགས་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཡོད།