ཟླ6པའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ནས་འབྱོར་བའི་གནས་ཚུལ་ལྟར་ན། སྨན་རྫས་བདེ་འཇགས་ཡིད་རྟོན་ཐད་ཀྱི་ལྟ་སྐུལ་དོ་དམ་མ་ལག་འཛུགས་པའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་ཆེད། ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་གསོ་སྦྱོང་ལ་ཤུགས་སྣོན་པ། མ་ལག་འཛུགས་སྐྲུན་སོགས་ཀྱི་བྱེད་ཐབས་སྤྱད་ནས་སྨན་རྫས་བདེ་འཇགས་ཡིད་རྟོན་ཀྱི་རིམ་པ་དང་རིགས་བགར་བའི་ལྟ་སྐུལ་དོ་དམ་ལ་སྐུལ་འདེད་བཏང་ནས་ཁ་དན་ཚིག་ལ་གནས་ན་དགའ་རྟགས་དང་ཡིད་ཆེས་རྩ་ནས་བཅོམ་མཁན་ལ་ཆད་པ་གཅོད་པའི་ལྟ་སྐུལ་དོ་དམ་ཐད་ཀྱི་ཐོག་མའི་ཆགས་སྟངས་གྲུབ་པར་བྱས།
ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་སྨན་རྫས་བདེ་འཇགས་ཡིད་རྟོན་གྱི་རིམ་པ་དང་རིགས་བགར་བའི་ཚོད་ལྟའི་དོ་དམ་བྱེད་ཐབས་པར་འགྲེམ་བྱས་པ་དང་། སྨན་རྫས་ཀྱི་ཆ་འཕྲིན་བསྡུ་སྒྲིག་དང་རིགས་དབྱེའི་ཚད་གཞི། རིགས་དབྱེའི་ལྟ་སྐུལ་དོ་དམ། རིགས་དབྱེའི་བེད་སྤྱོད་སོགས་ཀྱི་ཕྱོགས་ནས་སྨན་རྫས་བདེ་འཇགས་ཡིད་རྟོན་ཀྱི་ཉེན་ཁ་དང་རིགས་དབྱེ་ལྟ་སྐུལ་དོ་དམ་གྱི་བྱེ་བྲག་གི་བླང་བྱའི་ཐད་གཏན་ཁེལ་གསལ་བོ་བྱས། ཉིན་རྒྱུན་གྱི་ལྟ་ཞིབ་ཞིབ་བཤེར་དང་ཆེད་དོན་ཞིབ་བཤེར། དཔྱད་བཤེར་ལྟ་ཞིབ་ཚད་ལེན་སོགས་ཕྱོགས་མང་པོ་དང་ཟུང་འབྲེལ་བྱས་ནས་སྨན་རྫས་ཐོན་སྐྱེད་ཁེ་ལས་ཀྱི་ཡིད་རྟོན་ཉེན་ཁའི་གནས་ཚུལ་ལ་ཕྱོགས་བསྡུས་སྒོས་དཔྱད་འཇོག་བྱེད་པ་དང་ལོ་རེར་དུས་ལྟར་ཡིད་རྟོན་རིམ་པའི་དཔྱད་འཇོག་བྱ་བ་སྤེལ་ནས་དཔྱད་འཇོག་ཁྲོད་ཞུགས་པའི་སྨན་རྫས་ཀྱི་ཐོན་སྐྱེད་ཁེ་ལས་ལ་རིགས་བཞི་ཡི་རིམ་པ་བགར་ནས་ཁེ་ལས་ལ་སོ་སོ་དང་འཚམ་པའི་ལྟ་སྐུལ་དོ་དམ་བྱེད་ཐབས་སྤྱོད་དགོས།
དེ་དང་དུས་མཉམ་དུ། ཉིན་རྒྱུན་གྱི་ལྟ་ཞིབ་ཞིབ་བཤེར་དང་བཤེར་མཆན་འགོད་པའི་ཚན་ཁག་གི་གཞི་གྲངས་དང་སྨན་རྫས་ལྟ་སྐུལ་དོ་དམ་སྟེགས་བུའི་དུས་རྒྱུན་གྱི་ལྟ་སྐུལ་དོ་དམ་ཐད་ཀྱི་གཙོ་གཞིའི་གཞི་གྲངས་ལ་བསྡུར་བ་བྱས་ནས། ལྟ་སྐུལ་དོ་དམ་བྱེད་ཡུལ་གྱི་རྩར་བརྟག་པ་དང་སྨན་རྫས་གཉེར་སྐྱོང་ཁེ་ལས་ཀྱི་ལྟ་སྐུལ་དོ་དམ་ཡིག་ཚགས་འཐུས་ཚང་དུ་གཏོང་བ། སྨན་རྫས་ལྟ་སྐུལ་དོ་དམ་སྟེགས་བུས་དུས་ལྟར་ཉིན་རྒྱུན་གྱི་ལྟ་སྐུལ་དོ་དམ་དང་ཆེད་དོན་ཞིབ་བཤེར། ཞུ་སྦྱོར་ཞུ་གཏུག ལྟ་ཞིབ་འཐེན་བཤེར་སོགས་ཐད་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་སྐར་འགོད་གཞི་གྲངས་དུས་ཐོག་བསྡུ་སྒྲིག་བྱས་ཏེ། ལོ་མཇུག་གི་ཡིད་རྟོན་རིམ་བགར་དང་རིགས་དབྱེ་ལ་རྨང་གཞི་གདིང་ཆེད་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱས། ཁོངས་གཏོགས་ཀྱི་སྨན་རྫས་གཉེར་སྐྱོང་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་བསྡུ་སྒྲིག་དང་དཔྱད་བསྡུར་གཏན་འབེབས་བྱས་ཏེ། གཞི་གྲངས་ཡང་དག་པ་དང་ཚ་ཚང་བ། རྗེས་འདེད་ཆོག་པར་ཁག་ཐེག་བྱ་དགོས་ལ། སྨན་རྫས་གཉེར་སྐྱོང་ཁེ་ལས་ཀྱི་ཡིད་རྟོན་ལྟ་སྐུལ་དོ་དམ་གྱི་ཁྱབ་ཁོངས་གཞན་པའི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་སྨན་རྫས་བདེ་འཇགས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་དགོས།
མི་ཕམ་མགོན་པོས་བསྒྱུར།